རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-13   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་པར་སྐྲུན་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་དངོས་མིན་རིག་གནས་ཤུག་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བའི་བདེ་ཆེན་ཁུལ་མིག་ཡོར་གྱི་དངོས་མིན་རིག་གནས་ཤུལ་བཞག་གླེང་ར་སྐབས་དང་པོ་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རར་བསྡུས་པ་རེད།
ཐེངས་འདིའི་གླེང་ར་བསྡུས་ནས་མང་ཚོགས་ཀྱིས་སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་ལ་དོ་ཁུར་དང་གཅེས་སྤྲས། སྲུང་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་དང་། ཕུལ་དུ་བྱུང་བའི་དངོས་མིན་རིག་གནས་ཤུལ་བཞག་གི་སྣང་བརྙན་གྱིས་མང་ཚོགས་ཀྱི་བློ་སེམས་སྒོ་འབྱེད་ཐུབ་པ་དང་། དངོས་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་དང་འགྲེམ་སྤེལ་བྱེད་སྒོ་དེ་བས་ལེགས་པར་སྒྲུབ་པ། བདེ་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེར་གཏོང་བ། མང་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་འདུ་ཤེས་དང་དངོས་མིན་རིག་གནས་ཤུལ་བཞག་ལས་དོན་དུ་ཞུགས་ཚད་མཐོ་རུ་གཏོང་བ་སོགས་ལ་ནུས་པ་ཆེན་པོ་ལྡན་པ་རེད།
ཤེས་གསལ་བྱུང་དོན། རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་2017ལོར་བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་བརྗོད་བྱའི་གཙོ་བོར་བྱས་པའི་སྣང་བརྙན་འགྲེམ་སྤེལ་བྱེད་སྒོ་སྐབས་དང་པོ་བསྡུས་པ་དང་། ཁྱོན་བསྡོམས་སྣང་བརྙན་300ལྷག་སྡུད་ཡོད། དེའི་ཁྲོད་དུ་སྣང་བརྙན་146བདམས་ནས་ཉིན་དེར་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རར་འགྲེམ་སྤེལ་བྱས་པ་རེད།
བདེ་ཆེན་ཁུལ་པར་ལེན་མཐུན་ཚོགས་དང་། རྫོང་དང་གྲོང་ཁྱེར་གསུམ་གྱི་པར་ལེན་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ། པར་ལེན་མཁན། པར་ལེན་ལ་དགའ་ཞེན་ཡོད་པའི་མི་སྣ། ཞིང་ཆེན་དང་ཁུལ་རིམ་པ་ཁག་གི་དངོས་མིན་རིག་གནས་ཤུལ་བཞག་གི་ཆེད་མཁས་པ་སོགས་མི་80ལྷག་བྱེད་སྒོར་ཞུགས་པ་རེད།