རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-01   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
འཕྲོད་བསྟེན་ཞིབ་འཇུག་པས་རྒྱུས་ལོན་བྱས་པ་ལྟར་ན། དེང་དུས་ཀྱི་མི་ཞིག་ལ་མཚོན་ན་མི་ཚེ་འདིར་རང་ཉིད་དང་ལུས་ལ་གྲིབ་མ་བཞིན་ཆེས་འགྲོགས་ཡུན་རིང་བ་ནི་ཕ་མ་དང་ཟླ་གྲོགས་ཡང་ན་སྙིང་ཉེ་བའི་མི་གང་ཡང་མ་ཡིན་ལ། གྱོན་ཆས་སོགས་བྱ་དངོས་གཞན་ཡང་མ་ཡིན་པར་ཁ་པར་འདི་ཡིན་པར་བརྟེན། ཁ་པར་གྱིས་ང་ཚོས་ཉམས་མ་བཞག་ས་ནས་མི་རེ་རེའི་བྱ་སྤྱོད་དང་འཚོ་བ། བདེ་ཐང་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ཤུགས་རྐྱེན་དེ་བཟང་ངན་གྱི་ཕྱོགས་གང་ཡིན་ངེས་པར་དུ་རང་རང་ས་ནས་བསམ་བློ་ལེགས་པོ་གཏོང་དགོས་པ་ནི་གནད་དོན་ཞིག་ཏུ་ཆགས་འདུག ལྷག་པར་ཏུ་འོག་གི་གནད་དོན་དག་འབྱུང་གིན་ཡོད་མེད་ལ་དཔྱད་བསྡུར་ལེགས་པོ་གཏོང་དགོས།
༡ མིག་ནད་ཅན་དུ་འགྱུར་བ།
རྒྱུན་པར་ཁ་པར་སྤྱོད་ཡུན་རིང་བ་ལས་གློག་གི་འོད་རླབས་འགྱེད་འཕྲོའི་ཟེར་དུག་ཕོག་སྟེ་མིག་རྡོ་གཟེར་བ་དང་མིག་ཆུ་འཐོར་བ་སོགས་ལས་མིག་ཤེད་རིམ་གྱིས་ཉམས་ཏེ་མིག་གིས་ལེགས་པོར་མཐོང་མི་ནུས་པ། དཀར་འོད་ལ་ལྟ་མི་ཐུབ་པ་སོགས་ཀྱི་མིག་ནད་ཐེབས་བཞིན་པ་ཧ་ཅང་མང་། མི་དེ་ལོ་ཅུང་སོན་པ་ན་མིག་སྒྲིབ་སླ་ཞིང་གཟུགས་མཐོང་མི་ཐུབ་པ་སོགས་ཀྱི་མིག་དབང་ལ་དངོས་བྱུང་གི་གནོད་འཚེ་ཚབས་ཆེན་ཐེབས་བཞིན་ཡོད་པས། ང་ཚོས་དེ་རིང་ནས་རང་ཉིད་ནས་མགོ་བརྩམས་ཏེ་ཁ་པར་སྤྱོད་སྟངས་དང་དུས་ཚོད་ལ་འཆར་གཞི་དང་ཚོད་འཛིན་ཡོད་པར་མ་བྱས་ན་ཉིན་ཞིག་མིག་ནད་པར་གྱུར་ཏེ་འགྱོད་པ་སྐྱེ་བའི་ཉིན་ཞིག་འཆར་ངེས་ཡིན།
༢ བྱ་བ་གང་ལའང་བར་ཆོད་གཏོང་བ།
འཛམ་གླིང་རིག་གནས་བརྡ་འཕྲིན་ལག་དེབ་ཅན་དུ་གྱུར་བ་ནས་བཟུང་མི་རྣམས་ཀྱིས་དུས་ཚོད་ངེས་ཅན་ནང་ཁ་པར་སྤྱོད་དགོས་བྱུང་ཞིང་། ལྷག་པར་ཏུ་སྐད་འཕྲིན་གྱི་སྤྱོད་ཡུལ་ལ་དོན་ཆེན་དང་དགོས་མཁོ་ཡོད་མེད་ཀྱི་མི་གང་མང་ཞིག་གིས་དུས་ཚོད་ངེས་ཅན་ཞིག་གཏོང་བཞིན་ཡོད། མི་ལ་ལའི་སྡོམ་ཚིག་བརྒྱབ་པ་ལྟར་ན་སྐད་འཕྲིན་རྩེ་བ་ནི་དུད་ནག་འཐེན་པ་ནང་བཞིན་གོམས་འདྲིས་སུ་གྱུར་སོང་བ་ཡིན་ན་ཧ་ཅང་བཅོས་དཀའ་བ་ཞིག་རེད་ཅེས་ངོས་བཟུང་ཡོད། ད་དུང་རང་གི་བྱ་བ་དང་སློབ་སྦྱོང་། གཉེན་གྲོགས་ལྷན་འཛོམས་ཀྱི་དགོད་སྒྲ་སོགས་ཡོད་ཚད་དོར་ནས་ཉིན་མཚན་མེད་པར་འདི་ཁོ་ནར་འཐམས་ནས་བྱ་བ་གང་འགྲུབ་དང་རིག་གནས་ཅི་བསླབས་མེད་པར་དོན་མེད་ངང་མི་ཚེ་རྫོགས་བཞིན་ཡོད་པའི་ལྟ་ཚུལ་བཏོན་ཡོད་པས། སྐད་འཕྲིན་ནི་ཆེས་འཇིགས་སུ་རུང་བའི་མི་ཚེའི་དུས་ཚོད་འཕྲོ་རླག་གཏོང་མཁན་ཞིག་ཏུ་གྱུར་ཡོད།
༣ ཚེ་སྲོག་འཕྲོག་པའི་ཉེན་ཁ་ཆེ་བ།
ཉེ་ཆར་ས་གནས་ག་ས་གང་ནས་གནད་དོན་གསར་བ་ཞིག་འབྱུང་བཞིན་པ་ནི། ཁ་པར་ལ་གློག་གསོག་བཞིན་དུ་བཀོལ་སྤྱོད་བྱས་པར་བརྟེན་ཁ་པར་འབར་གས་བྱུང་ནས་ན་གཞོན་གང་མང་ཞིག་གི་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་ཚབས་ཆེན་ཕོགས་པ། དབང་པོ་སྐྱོན་ཅན་དུ་གྱུར་བ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་དང་འབྱུང་གིན་ཡོད་པས་གནས་ཚུལ་འདི་དག་བརྒྱུད་ནས་ང་ཚོས་རྒྱུས་ལོན་དང་བསམ་ཤེས། ཡང་ན་རང་གི་འཚོ་བ་ལ་སྡོམ་རྩིས་ཡོད་པར་བཟོ་རྒྱུ་ནི་དེང་གི་གཞོན་རབས་པ་དག་ལ་མཚོན་ན་ཆེས་གལ་ཆེ་བ་ཞིག་ཡིན།
༤ ཁ་པར་མཛུབ་ནད་འབྱུང་བཞིན་པ།
ཁ་པར་མཛུབ་ནད་ནི་དེང་སྨན་ཁང་ཁག་གིས་གསར་དུ་ངོས་ཟིན་པའི་ནད་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་། ཨོ་སི་ཁྲུ་ལི་ཡའི་ཚགས་པར་ཞིག་དུ་བཀོད་པ་ལྟར་ན། མི་ཞིག་གིས་རྒྱུན་པར་ཆུ་ཚོད ༢༤ ནང་ཆུ་ཚོད༦ ཙམ་ལ་ལག་པས་ཁ་པར་འཛིན་བཞིན་ཡོད་ན། མི་དེར་ནད་འདི་འབྱུང་བར་གདོད་མི་ཟ་བས་དུས་ཡུན་རིང་པོར་ལག་པས་ཁ་པར་འཛིན་སྟངས་གཅིག་གི་སྟེང་ནས་མི་འཛིན་པ་ཤིན་ཏུ་གལ་ཆེ་ལ། ཞིབ་འཇུག་པས་འཛམ་གླིང་ཡོངས་ལ་དེའི་སྐོར་གྱི་སྐུལ་མ་ཤུགས་ཆེན་བཏང་ཡོད། ནད་འདིས་ མཐེབ་ཆུང་སོགས་མཛུབ་མོ་དག་གི་དབྱིབས་འགྱུར་ནས་རྒྱུན་ལྡན་མ་ཡིན་པར་འགྱུར་འགྲོ་བཞིན་ཡོད་ཅིང་། ལོ་ན་ཅུང་སོན་པ་ན་མཛུབ་མོ་དག་གི་རུས་ཚིགས་དང་རྣམ་པ་ཡ་ཡོ་འཁྱ་འཁྱོག་དུ་གྱུར་ནས་དབང་པོ་སྐྱོན་ཅན་ལྟ་བུར་ཆགས་བཞིན་ཡོད་པས་འདིའི་སྐོར་ལ་ངེས་པར་དོ་སྣང་ཆེན་པོ་བྱེད་དགོས།
དེས་ན་མཚམས་འདི་ནས་རང་གི་ཁ་པར་སྤྱོད་ཚུལ་ལ་ཕྱིར་དྲན་ཐེངས་ཤིག་བྱས་ནས་གོང་གི་གནད་དོན་དག་འབྱུང་ཉེན་ཡོད་མེད་ལ་དཔྱད་པ་གཏོང་རྒྱུ་དང་། འབྱུང་ཉེན་ཆེ་ན་ལམ་སང་རང་རྟོགས་ངང་བསྒྱུར་བཅོས་གཏོང་རྒྱུ་གལ་ཆེའོ།། ར་དགའ་བསུ་ཞུ།