དགའ་ལྡན་སུམ་རྩེན་གླིང་གི་དགུ་གཏོར་འཆམ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-07   རྩོམ་ཁུངས།   

 སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བོད་ཟླ་11པའི་ཚེས་29ཉིན་དགའ་ལྡན་སུམ་རྩེན་གླིང་གི་ལོ་གཅིག་དུས་གཅིག་གི་དགུ་གཏོར་འཆམ་མོ་དེ་དུས་ཐོག་ཏུ་འཚོགས་པ་དང་།རང་ས་ཁུལ་ནང་གི་མི་རིགས་སོ་སོ་དང་ས་ཐག་རིང་ནས་ཡོང་བའི་གནས་མཇལ་བ་རྣམས་ཞོགས་པར་སུམ་རྩེན་གླིང་འདུ་ཁང་མདུན་དུ་རྡོ་གཅལ་ཐོག་བསྡད་ནས་འཆམ་ལ་ལྟ་བཞིན་ཡོད་པ་རེད། 

     སྤྱིར་བཏང་དུ་དགའ་ལྡན་སུམ་རྩེན་གླིང་གིས་བོད་ཟླ་11་པའི་ཚེས་26་ནས་ཚེས་29་ཉིན་བར་འཆམ་མོ་དེ་འཚོགས་སྲོལ་ཡོད་པ་དང་།ཚེས་26་ཉིན་དྲུག་འཆམ་འཚོགས་ཤིང་། ཚེས་27་དང་28་ཉིན་གཉིས་དགོན་པའི་ནང་ཞལ་འདོན་འདོན་པ།ཚེས་29་ཉིན་ནས་འཆམ་མོ་དངོས་སུ་འཚོགས་པ་རེད།

 ཉིན་དེར་དགའ་ལྡན་སུམ་རྩེན་གླིང་དུ་དགེ་འདུན་ཚོས་སྲོག་ཆགས་ཀྱི་ངོ་འབག་གྱོན་ཏེ་འབག་འཆམ་པ་དང་།ངོ་འབག་ལ་རྟ་དང་།  ཤྭ་བ། སྤྲེའུ། གཡག ཁྱི། ཁྭ་ཏ།  ཕག སྟག ཁྱུང་སོགས་ཡོད་པ་རེད། ངོ་འབག་འདི་དག་ཚང་མ་དགེ་འདུན་ཚོ་རང་ཉིད་ཀྱིས་བཟོས་པ་དང་།  སྤུས་དག་ལ་ལྟ་ན་སྡུག་ཅིང་གསོན་ཉམས་ཀྱང་ལྡན་པ་རེད། རྗེས་མར་གྲྭ་བཙུན་རྣམས་ཀྱིས་མཐུ་སྔགས་ནས་ཀྱི་ནུས་པ་ལ་བརྟེན་ནས་ཕ་རོལ་པོ་འཇོམས་པར་བྱེད་པའི་གཏོར་རྒྱག་པ་རེད།     

   དགའ་ལྡན་སུམ་རྩེན་གླིང་ནི་ཡུན་ནན་ཞིང་ཆེན་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་ལ། ཁམས་ཕྱོགས་ཀྱི་དགོན་པ་གྲགས་ཅན་ཞིག་ཀྱང་ཡིན། སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་བྱང་ཕྱོགས་སུ་གནས་ཡོད་ལ།ད་བར་ལོ300 ལྷག་གི་ལོ་རྒྱུས་ལྡན།དགོན་པ་ཡོངས་སུ་ཁམས་ཚན་བརྒྱད་བགོས་ཡོད་པ་རེད།