མངའ་རིས་ནས་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་བྲག་ཕུག་རྗེས་ཤུལ་ཐོག་མ་རྙེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

     

    གསར་འགོད་པས་ཉེ་ཆར་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་ཞིབ་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་བཙུགས་པའི་མཉམ་འབྲེལ་གནའ་རྫས་དཔྱད་ཞིབ་རུ་ཁག་གིས། བོད་ལྗོངས་མངའ་རིས་ནས་མཚོ་བོད་མཐོ་སྒང་གི་ཚན་རིག་གནའ་རྫས་དཔྱད་ཞིབ་བྱས་པ་ནས་ད་ལྟའི་བར་གྱི་ཡི་གེ་མ་བྱུང་སྔོན་གྱི་ལོ་རྒྱུས་ཀྱི་བྲག་ཕུག་གི་རྗེས་ཤུལ་ཐོག་མ་སྟེ་མེ་ལོང་མདའ་ཕུ་བྲག་ཕུག་རྙེད་ཡོད། 
     མེ་ལོང་མདའ་ཕུ་བྲག་ཕུག་གི་རྗེས་ཤུལ་ནི་མངའ་རིས་ས་ཁུལ་གྱི་དགེ་རྒྱས་རྫོང་དུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡོད་པ་དང་། དེ་ནི་གྲལ་བསྟར་སྒྲིག་པའི་བྲག་ཕུག་གཉིས་ཀྱིས་གྲུབ། དེའི་ནང་བྲག་ཕུག་གཅིག་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1000ལྷག་ཡོད་པ་དང་། གཞན་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་250ཡོད་ལ། དེར་གནའ་བོའི་མིའི་རིགས་ཀྱི་རིག་གནས་རྗེས་ཤུལ་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད། 
     ཐཱན་འདྲའི་ལོ་ཚོད་བརྩི་ཐབས་ལས་མངོན་པ་ལྟར་ན། མེ་ལོང་མདའ་ཕུ་བྲག་ཕུག་གི་རྗེས་ཤུལ་ནི་ད་ལྟའི་བར་ཆེས་ཉུང་ནའང་ལོ་ངོ་4000གི་ལོ་རྒྱུས་ལྡན་པ་དང་། དེ་ནི་མཐོ་སྒང་ལྟེ་བར་མིག་སྔར་ས་རིམ་གྱི་ཆ་འཕྲིན་ཞིབ་ཕྲ་ཡོད་པའི་རྡོ་ཆས་འཇམ་པའི་རིག་གནས་ཀྱི་རྗེས་ཤུལ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་འབྲོག་མིས་གནས་དེར་ལུག་ར་བསྐོར་མྱོང་བས་བྲག་ཕུག་ནང་གི་རིག་གནས་ལ་གནོད་འཚེ་ཚད་རིམ་པ་མི་འདྲ་བ་ཐེབས་ཡོད། བྲག་ཕུག་ནང་གི་རིག་གནས་རིམ་པའི་ངོ་བོར་ཞིབ་རྩད་སྔར་ལས་ལྷག་པ་བྱེད་པ་དང་། བྲག་ཕུག་རྗེས་ཤུལ་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། མཉམ་འབྲེལ་གནའ་རྫས་རྟོག་དཔྱད་རུ་ཁག་གིས་2018ལོར་བྲག་ཕུག་གཉིས་ཀྱི་ནང་གསེས་གཅིག་ལ་གཞི་རྒྱ་ཆུང་བའི་སྔོག་འདོན་བྱས་པ་རེད། 
    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་པ་ཧོ་ཝེ་ཡིས། སྔོག་འདོན་བྱས་པའི་རྡོ་ཧྲུག་དང་རྫ་མ་ཆག་རོ་མཉམ་དུ་ཡོད་པའི་ས་རིམ་ནི་རྡོ་ཆས་གསར་པའི་དུས་རིམ་ཕྱི་མ་ལ་གཏོགས་པ་དང་། རྡོ་ལེབ་ཀྱིས་གྲུབ་པའི་གདོད་མའི་རིམ་པ་ད་དུང་ཕྱིར་མངོན་མེད། ས་རིམ་གོང་མའི་ཐཱན་འདྲའི་ལོ་ཚོད་བརྩི་ཐབས་ལས་མངོན་པ་ལྟར་ན། བྲག་ཕུག་གི་རྗེས་ཤུལ་འདི་ནི་ད་ལྟའི་བར་དུ་ལོ་4000ཡན་གྱི་ལོ་རྒྱུས་ཡོད་ཅིང་། ལག་རྩལ་ངོས་ནས་བལྟས་ན། རྡོ་ལེབ་ཚོགས་པའི་དུས་ཚོད་ནི་དེ་བས་སྔ་སྲིད་པ་རེད་ཅེས་བཤད།