བོད་ཀྱི་གོས་རྒྱན་བཟོ་མཁན་སྒྲོལ་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-08   རྩོམ་ཁུངས།   

    སྒྲོལ་མ་ནི་འཇོལ་རྫོང་ཀོང་རྩེད་ར་སྡེ་བ་ནས་ཡིན་ལ།2017ལོའི་ཟླ་བ་6པར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ལས་གཞིའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་མིང་བཏགས་གནང་ཞིང་སྤྱི་བསྒྲགས་བྱས་པ་རེད།


    ཀོང་རྩེད་རའི་བོད་ཀྱི་གོས་རྒྱན་ལ་ཚོན་མདོག་རྣམ་པར་བཀྲ་ལ། གྱོན་སྟངས་ཀྱང་སྣ་ཚོགས་ཡོད་པ་རེད། བོད་ལྭ་ནི་ས་གནས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དོན་སྙིང་ཆེན་པོ་ལྡན་པའི་ནུས་པ་ཞིག་ཐོན་ཡོད་དེ། ཁྱིམ་མི་རེར་བོད་ལྭ་ཆ་ཚང་རེ་ཡོད་ལ། བོད་ལྭ་དེ་དུས་རྒྱུན་གཉེན་སྟོན་དང་ལོ་གསར་དུས་སྟོན། སྐོར་བྲོ་འཁྲབ་པ་སོགས་ཀྱི་སྐབས་སུ་ངེས་པར་ཏུ་གྱོན་དགོས་པ་རེད། འཇོལ་རྫོང་གི་བོད་ལྭ་དེ་2013ལོའི་ཟླ་བ་11པར་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་སྐབས་གསུམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་མིང་ཐོའི་ནང་བཞག་ལ་སྤྱི་བསྒྲགས་བྱས་པ་རེད།

    སྒྲོལ་མའི་ཨ་ཕ་ནི་ས་གནས་ན་གྲགས་ཆེའི་བོད་ལྭ་བཟོ་མཁན་ཞིག་ཡིན་ལ། གོས་རྒྱན་བཟོ་རྩལ་དང་བཟོ་བཅད་ཀྱི་བྱེད་ཐབས་སྣ་ཚོགས་ལྡན་པ་རེད། དེ་ཡང་སྒྲོལ་མ་ཁོ་མོ་ནི་ཁྱིམ་གྱི་མིང་སྲིང་ལྔའི་ནང་གི་ཆེས་ཆེ་བ་ཡིན་པའི་ཆ་ནས་ཆུང་དུས་ནས་བཟུང་ཁྱིམ་གྱི་འགན་ཁུར་ལྕི་མོ་ཕྲག་ཏུ་བབས་ལ། ལོ་བཅོ་ལྔ་ནས་བཟུང་ཨ་ཕའི་གཞུག་དེད་དེ་གོས་རྒྱན་བཟོ་རྩལ་སྦྱང་བ་རེད།


    ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པའི་སྒྲོལ་མས་ཨ་ཕའི་གམ་ནས་ལོ་བཅུ་ལ་གོས་རྒྱན་བཟོ་བཅད་ཀྱི་ལག་རྩལ་སྦྱང་བ་བརྒྱུད་རང་ཉིད་ཀྱིས་བཟོས་པའི་བོད་ལྭ་ཐོག་མ་འགྲུབ་ལ། དེ་ནས་བཟུང་ཁོ་མོས་ལག་ལེན་གྱི་ཁྲོད་འཚོལ་རྟོག་དང་སློབ་སྦྱོང་བྱས་ཏེ། ལག་རྩལ་གྱི་ཡང་རྩེར་སྙེག་པར་འབད་བརྩོན་བྱས་ཤིང་། དུས་ད་ལྟ་ཁོ་མོའི་བོད་ལྭ་བཟོ་བའི་ལག་རྩལ་དེ་ཨ་ཕ་ལས་བཟང་བ་རེད།
    ཁོ་མོས་བཟོས་པའི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་ཕུ་རིང་དང་ཕུ་ཐུང་གི་ཐོག་རྒྱག  སྐྱེས་པའི་བོད་ལ་དང་རྐང་སྣམ། དར་གོས་ཀྱིས་བཟོས་པའི་ཐོག་རྒྱག་དང་ཕུར་ཐུང་། དབུ་མེད་ཀྱི་བོད་ལྭའི་སྨད་གཡོག་སོགས་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།