རྩོམ་པ་པོ།   རྣམ་དཀར་ལྷ་མོས་བྲིས།  ཡིག་བསྒྱུར།       དུས་ཚོད།   2019-01-17   རྩོམ་ཁུངས།    ཁམས་པའི་དྲ་བ།
སྐད་གཉིས་ཀྱི་སྨྲ་ལྕེ་ངག་ལ་འཁྱིལ་བའི་གངས་རིའི་བུ་མོ།
ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་ཀྱི་མདོ་འཛིན་པ་སྐལ་བཟང་དབང་མོ།
མདོ་འཛིན་པ་སྐལ་བཟང་དབང་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་ནས་ཡིན་ཞིང་། རིམ་པ་སོ་སོའི་ཤེས་རིག་གི་སྒོ་ཐེམ་བརྒལ་ནས་2000ལོའི་ཟླ་7པར་དར་མདོ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཡིག་དགེ་རྒན་འཛིན་གྲྭའི་ནང་ནས་བདེ་བླག་ངང་མཐར་ཕྱིན། སློབ་མཐར་ཕྱིན་མ་ཐག་རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་དུ་ཆས་ནས། བོད་སྐད་ཡིག་གི་དགེ་རྒན་གྱི་སྡེ་ཉག་ཕྲ་སའི་གཞི་རིམ་གྱི་སློབ་གྲྭ་སྟེ་རྟའུ་རྫོང་ག་བ་ལྟེ་བའི་སློབ་གྲྭ་ནས་བློ་ལྡན་བུང་བའི་ཚོགས་ལ་ཤེས་རིག་གི་སྦྲང་རྩི་ཅི་དགར་གནང་། དཔེ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་ཀྱང་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་དང་ལྷག་པར་དུ་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་སྐོར་གྱི་གོམ་པའི་འདེགས་འཇོག་འགྱུར་མ་མྱོང་ལ། སློབ་གསེང་དང་དབྱར་དགུན་གནང་གི་གོ་སྐབས་སོགས་དམ་འཛིན་ལེགས་པོ་བྱས་སྟེ། 2003ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་སློབ་གླིང་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་སྦྱངས་པ་དཔྱིས་ཕྱིན་བྱས་སྟེ་སློབ་མཐར་ཕྱིན། 2002ལོའི་ཟླ་9པར་ལས་གནས་སྤར་ཏེ་རྟའུ་རྫོང་སློབ་འབྲིང་དང་པོའི་ཁྲོད་ནས་མུ་མཐུད་དུ་དགེ་རྒན་གྱི་བྱ་བ་གཉེར་ཞིང་། སྔོན་མ་ནས་བཟུང་མདོ་འཛིན་དང་སྒྱུ་རྩལ་གྱི་ལས་རིགས་ལ་དགའ་ཞེན་ཆེན་པོ་ཡོད་པས། སློབ་གསེང་དང་སློབ་གྲྭའི་བྱེད་སྒོ་སོགས་གང་རུང་གི་ཁྲོད་དུ་མ་སྐུལ་དང་བླངས་སྒོས་མདོ་འཛིན་དང་མཚམས་སྦྱོར་བ་བྱས་མྱོང་ལ། 2004ལོའི་ཟླ་6པའི་སྐབས་སུ། ལས་དང་སྐལ་བ་ཞིག་གིས་རང་ཉིད་དགའ་ཕྱོགས་སྟེ་མདོ་འཛིན་པའི་ལས་རིགས་ཕྱོགས་ལ་གོམ་ཁ་བསྒྱུར་རྒྱུའི་སྐལ་བ་ལྡན་ཞིང་། ལས་གནས་སྤོས་ཏེ་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་ཀྱི་མདོ་འཛིན་པ་བྱས། མདོ་འཛིན་གྱི་ཟུར་ནས་ལོ་ཙཱ་དང་བརྙན་འཕྲིན་ཟློས་གར་གྱི་སྐད་བསྒྱུར་བ་སོགས་བྱས་ནས། མདོ་འཛིན་གྱི་ལས་ལ་རྨང་གཞི་བརྟན་པོར་བཞག །
2009ལོ་ནི་མོ་ལ་མཚོན་ན་མདོ་འཛིན་ལས་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཆགས་ཡོད་ལ། ལོ་འདིར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ལྟར་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་འཛུགས་རྒྱུའི་སྟ་གོན་བྱས་ཤིང་། ལས་ཁུངས་ཀྱི་ལས་མི་དང་མདོ་འཛིན་པ་སོགས་བསྡུ་བའི་བརྡ་ཐོ་རྒྱལ་ཡོངས་ཀུན་ལ་བཀྲམ། སྐལ་བཟང་དབང་མོ་ལ་མཚོན་ན་མདོ་འཛིན་གྱི་ལས་རིགས་འདི་གཉེར་ནས་ལོ་ངོ་ལྔ་ལྷག་འགོར་ཡོད་ལ། རྒྱ་བོད་སྐད་གཉིས་མདོ་འཛིན་དང་ལོ་ཙཱ། སྐད་བསྒྱུར་སོགས་ཀྱི་ལས་ལ་བྱང་ཆ་དོད་པས། ཁམས་པའི་བརྙན་འཕྲིན་ཁང་གི་སྐད་གཉིས་མདོ་འཛིན་པ་ཞིག་ཏུ་ཆགས། ཁམས་པའི་བརྙན་འཕྲིན་ཁང་ནས་སྔ་གཞུག་《ཁམས་པའི་དགའ་ཚལ》གྱི་སྐད་གཉིས་སྒྲིག་ཁྲིད་དང་《ཁམས་པའི་དགའ་ཚལ།》གྱི་རྒྱ་སྐད་ལེ་ཚན་གྱི་བཅར་འདྲིའི་མདོ་འཛིན་གྱི་ལས་ཀ་གཉེར་ཞིང་། 《གཟའ་མཇུག་གར་སྟེགས།》དང་《དྲི་ཟའི་གླུ་དབྱངས།》ཀྱི་རྩོམ་སྒྲིག་འགན་ཁུར་བ་དང་། དེ་མིན་བོད་ཡུལ་ཀུན་ན་གྲགས་པ་འབར་བའི་《དབང་མོའི་གནམ་གཤིས་ཁང་།》གི་མདོ་འཛིན་པ་དང་བཟོ་སྐྲུན་མི་སྣ་ཡིན་ལ། བར་མཚམས་སུ་སྐབས་འགར་བརྙན་འཕྲིན་ཟློས་གར་གྱི་ལོ་ཙཱ་དང་སྐད་བསྒྱུར་གྱི་ལས་ལ་ཞུགས་བཞིན་ཡོད། དེ་མིན་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་རབ་དང་རིམ་པའི་ཁྲོད་ནས་བཟོ་སྐྲུན་པ་དང་འཆར་འགོད་པ། འཁྲབ་ཁྲིད་པ་གཞོན་པ་སོགས་ཀྱི་འགན་ཁུར་སྟེ། བོད་ཁུལ་ཡོངས་ལ་ལོ་གསར་གྱི་ལེགས་སྐྱེས་མང་པོ་ཞིག་ཕུལ་མྱོང་།
མདོ་འཛིན་གྱི་ལས་ཀ་གཉེར་བའི་ལོ་ངོ་འདི་དག་གི་ཁྲོད་དུ་ཁུལ་རིམ་པ་དང་རྫོང་རིམ་པ། ཞིང་ཆེན་རིམ་པའི་བྱེད་སྒོ་ཆེ་ཤོས་མང་པོའི་རྒྱ་བོད་སྐད་གཉིས་ཀྱི་མདོ་འཛིན་པའི་འགན་ཁུར་མྱོང་ལ། དམིགས་བསལ་གྱི་སྒོ་ནས་ལབ་ན་ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་འཁོར་བཞི་འཁོར་བ་དང་སྐུ་ཞབས་དབང་དགའི་བརྩམས་ཆོས་རོལ་དབྱངས་ཚོགས་འདུ་དང་། སྐབས་དང་པོའི་བོད་ཀྱི་རོལ་མོའི་ཆེད་མཁས་པའི་དཔྱད་གླེང་ཚོགས་འདུ།——ལྗང་མདོག་གི་ཡུལ་གྲུ འཆམ་མཐུན་གྱི་གོ་ལ་ཞེས་པའི་སྤྱི་ཕན་གླུ་ལེན་སྤྲོ་ཚོགས། སྐབས་བརྒྱད་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན། ཡུལ་ཤུལ་སྤྱི་ཕན་གླུ་ལེན་སྤྲོ་ཚོགས། 2015ལོའི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལོ་སར་དགོང་ཚོགས། ཁ་བ་དཀར་པོ་ནས་འཛོམས་ཞིང་། བདེ་ཆེན་ལ་བརྩེ་བ་ཟབ་མོ་བཅངས་ཞེས་པའི་2015.5.8འཛམ་གླིང་རྒྱ་གྲམ་དམར་པོའི་ཉི་མ་དང་སྦྱིན་པ་གཏོང་བའི་གླུ་ལེན་སྤྲོ་ཚོགས། 2016ལོའི་ཡུལ་ཤུལ་རྩྭ་ཐང་རོལ་དབྱངས་དུས་ཆེན་ལས་བཀྲ་ཤིས་རྡོ་རྗེའི་བརྩམས་ཆོས་དགོང་ཚོགས། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡན་ལག་ཚོགས་ར་ཀྲུང་གོའི་སེར་ཤུལ་ཚོགས་རའི་དངོས་ལྗོངས་གླུ་གར་ཟློས་གར་《ཉི་མར་ཕྱོགས་པ།》ཞེས་པའི་དམིགས་བསལ་ལེ་ཚན། 2017ལོའི་ལི་ཐང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་དབུ་འབྱེད་མཛད་སྒོ། སྐབས་དང་པོའི་མེས་པོའི་དབྱངས་བོད་ཁུལ་རོལ་དབྱངས་བྱ་དགའི་མཛད་སྒོ། སྐབས་དྲུག་པའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་གྱི་བྱ་དགའི་དགོང་ཚོགས། 2018ལོའི་ཡུལ་ཤུལ་སྲོལ་རྒྱུན་རྟ་རྒྱུགས་དུས་ཆེན་དང་སྐབས་གསུམ་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་དང་གཙང་གསུམ་ཆུ་མགོའི་དུས་ཆེན་དབུ་འབྱེད་མཛད་སྒོ། 2018ལོའི་རྔ་བ་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་40འཁོར་བའི་དམར་པོའི་ཡུལ་སྐོར་མུ་འབྲེལ་བྱེད་སྒོའི་དབུ་འབྱེད་མཛད་སྒོ། 2018ལོའི་ཆབ་མདོ་གྲོང་ཁྱེར་སྐབས་བཞི་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན། 2018ལོའི་རྨ་ལྷོ་སོག་རྫོང་གི་ན་ཏ་མོའུ་སྟོན་ཚོགས་ཀྱི་རོལ་དབྱངས་དགྱེས་སྟོན་གྱི་མཛད་སྒོ། གསེར་ལྡན་གཞས་དབྱངས། རྒྱལ་ཁབ་དངོས་མིན་ཤུལ་བཞག་རིག་གནས་འབའ་ཐང་པི་ཝང་རོལ་དབྱངས་དགོང་ཚོགས། 《གེ་སར་རྒྱལ་པོའི་སྒྲུང་།》འགྲེམས་སྤེལ་དཔྱད་གླེང་ཚོགས་འདུ་སོགས་ཡུལ་བབ་སོ་སོའི་སྒྱུ་རྩལ་དུས་ཆེན་དང་དཔེ་དེབ་འགྲེམ་སྤེལ། དཔྱད་གླེང་ཚོགས་འདུ་སོགས་གང་མང་ཞིག་ལ་མདོ་འཛིན་བྱས་མྱོང་།
ཁོ་མོའི་བརྩམས་ཆོས་《གློག་ཐོག་ཕོ་ཉ་སྤྲོ་དགའི་ལོག་པ》ཞེས་པར་སྐབས་དྲུག་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་སྤྱི་ཚོགས་སློབ་གསོའི་ཆེད་སྒྲིག་གི་ཨང་དང་པོར་ཐོབ། 《འབྲོག་པའི་རི་གླུ།》ཞེས་པར་སྐབས་དྲུག་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་བརྙན་འཕྲིན་སྒྱུ་རྩལ་ཁག་ནས་ཆེད་སྒྲིག་གི་ཨང་གཉིས་པ་ཐོབ། 《བྱིས་པའི་རྩེད་ར།》ཞེས་པར་སྐབས་བདུན་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་བྱིས་པའི་ལེ་ཚན་ཁག་ནས་རིམ་པ་དང་པོར་ཚུད། 《ཕ་ཡུལ།》ཞེས་པར་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་རྩོམ་རིག་བརྩམས་ཆོས་ཁག་ནས་སྙན་སྒྲོན་རིམ་པ་དང་པོར་ཚུད། 《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྨོན་འདུན།》ཞེས་པར་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་བརྡ་སྦྱོར་ཁག་གི་རིམ་པ་གཉིས་པར་ཚུད། 《འབྲོག་ཁུལ་གྱི་ལོ་གསར།》ཞེས་པར་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་སྤྱི་ཚོགས་སློབ་གསོའི་རིམ་པ་གསུམ་པར་ཚུད། 《འབྲོག་པའི་བློ་དཀར་བའི་སྲུང་དམག》ཅེས་པར་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཁྲོད་གསར་འགྱུར་ཆེད་སྒྲིག་གི་རིམ་པ་གསུམ་པར་ཚུད་པ་སོགས་ལས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མི་ཉུང་བ་ཞིག་རག་ཡོད་ལ། འདི་ནི་སྐལ་བཟང་དབང་མོས་ལོ་ངོ་དུ་མའི་རིང་ལ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་དང་འབད་འབུངས་བླ་མེད་བྱས་པའི་གྲུབ་འབྲས་ཡིན་ཞེས་བཤད་ན་ཅིས་མི་ཆོག
ལོ་ངོ་བཅོ་ལྔ་ནི་མི་སུ་ཞིག་ལ་མཚོན་ན་ཡང་དུས་ཚོད་རང་ག་བ་ཞིག་ག་ལ་ཡིན། སྐལ་བཟང་དབང་མོ་ལགས་མདོ་འཛིན་གྱི་ལས་ལ་ཞུགས་ནས་ད་ལྟ་ཕལ་ཆེར་བགྲང་བྱ་བཅོ་ལྔ་ལས་བརྒལ་འདུག འདི་ནི་ཅི་འདྲ་བའི་བློ་རྩ་བརྟན་པོ་དང་ཅི་འདྲ་བའི་བརྩོན་སེམས་ཞིག་གིས་མ་ལྷོད་པར་ད་ལྟའི་བར་དུ་བསྲིངས་པ་རེད་དམ། མོར་མཚོན་ན་སྐབས་འདི་ནས་མཚམས་འཇོག་མི་སྲིད་ལ། མོས་བཤད་ན་ལོ་ངོ་འདི་དག་ཁྲོད་རང་ཉིད་ལ་ཡར་བསྐྱེད་དང་བློས་བསླངས་ཤིན་ཏུ་མང་པོ་ཐོབ་སོང་། ལྷག་པར་རང་ཉིད་ཀྱི་མ་འོངས་པའི་མདོ་འཛིན་གྱི་ལམ་ཁར་རེ་བ་དང་ཡིད་ཆེས་ཀྱི་ཁེངས་ཡོད་ཟེར། ལོས་ཡིན་ཏེ་ལས་གང་ཞིག་དང་བྱ་བ་གང་ཞིག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་བྱས་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་དོ། །