རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-21   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ
ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བཟའ་རིགས་ལ་དང་དོད་ཆེ་བའི་བོད་ལྗོངས་ལྷ་སར། གསོལ་ལྕོག་ཐོག་བོད་ཀྱི་ཁྱད་ཆོས་ལྡན་པའི་དུག་སེལ་ཕོར་པ་དང་། སྡེར་མ། དཀར་ཡོལ་སོགས་མཐོང་རྒྱུ་ཡོད་ལ། དུག་སེལ་ལྟོ་སྣོད་དེ་དག་མང་ཆེ་བ་ལྷ་ས་ཕན་ཡོན་ལྟོ་སྣོད་དུག་སེལ་ཞབས་ཞུ་ཚད་ཡོད་ཀུང་སིས་བཟོས་པ་ཡིན་ཞིང་། ཀུང་སིའི་འགན་འཁུར་བ་ནི་སློབ་ཆེན་སློབ་མའི་ལས་གཏོད་པ་ཉི་མ་བསྟན་འཛིན་རེད།
ཉི་མ་བསྟན་འཛིན་གྱི་ལས་གཏོད་བསམ་བློ་དེ་སློབ་ཆེན་འགྲིམ་སྐབས་བྱུང་བ་ཞིག་ཡིན་པ་དང་། དེའང་ཉི་མ་བསྟན་འཛིན་སློབ་ཆེན་འགྲིམ་སྐབས་ཉལ་ཁང་གི་རོགས་པ་མང་པོས་ཚོང་ཙག་ཙིག་བརྒྱབ་ནས་འཚོ་བའི་འགྲོ་གྲོན་ཡོང་ཐབས་བྱེད་ཀྱི་ཡོད་པས་ཁོང་གི་བློ་སྒོ་ཕྱེ་ཡོད། “སློབ་གྲྭ་ནས་སྦྱངས་པ་རྣམས་དོན་དངོས་འཚོ་བའི་ཁྲོད་ལག་ལེན་མ་ཐུབ་ཚེ། སྤྱི་ཚོགས་སུ་འཚོ་གནས་མི་ཐུབ་པས་མ་འོངས་པར་ངས་ལས་གཏོད་པ་ཞིག་བྱེད་བསམ་པ་བྱུང”ཞེས་ཉི་མ་བསྟན་འཛིན་གྱིས་བཤད།
2009ལོར་ཉི་མ་བསྟན་འཛིན་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་པ་དང་། དགའ་ཉེ་སྤུན་མཆེད་ཚང་མས་ཁོང་ལ་གཞུང་ལས་པའི་ཡིག་རྒྱུགས་གཏོང་དགོས་པའི་སློབ་གསོ་མང་པོ་བརྒྱབ་ནའང་། ཁོང་གིས་སྔར་བཞིན་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་མཐའ་འཁྱོངས་བྱས་པ་རེད། ཟླ་བ་ཁ་ཤས་གྲ་སྒྲིག་བྱས་པ་དང་ཉི་མ་བསྟན་འཛིན་གྱིས་བོད་ལ་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ཡོད་པ་ཤེས་རྗེས། ལས་གཏོད་ལ་ཡིད་ཆེས་སྔར་བས་བརྟན་དུ་སོང་ནས་ལྟོ་སྣོད་དུག་སེལ་གྱི་ཀུང་སི་ཞིག་གཉེར་རྒྱུ་ནི་ཁོང་གི་ལས་གཏོད་ཀྱི་རྣམ་གྲངས་དང་པོར་བདམས་པ་རེད།
“དེ་སྔོན་ང་རང་ཧྲན་ཏུང་དང་ཧོ་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་ལྟོ་སྣོད་དུག་སེལ་ཐད་བརྟག་དཔྱད་བྱེད་པར་བསྐྱོད་མྱོང་བས། ངས་ལྷ་སའི་ཁྲོམ་རར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད། བརྟག་དཔྱད་ཚར་རྗེས། ཉི་མ་བསྟན་འཛིན་གྱིས་པཱ་ལགས་ཀྱི་སྐུལ་ལྕག་འོག་ལྷ་སར་དྭངས་གཙང་ལས་སྒྲུབ་ཀྱི་ལྟོ་སྣོད་གཙང་སེལ་དང་དུག་སེལ་ཀུང་སི་ཐོག་མར་བཙུགས་པ་དང་ཆབས་ཅིག 2013ལོར་ལྷ་སའི་དུག་སེལ་ཀུང་སི་གཞན་གསུམ་དང་ཟླ་སྒྲིལ་བཏང་ནས་ལྷ་སའི་ཕན་ཡོན་ལྟོ་སྣོད་དུག་སེལ་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་ཤིང་། སྐབས་དེ་དུས་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་ལྟོ་སྣོད་གཙང་སེལ་དང་། དུག་སེལ། ཐུམ་སྒྲིལ་བཅས་ཀྱི་ལག་རྩལ་ནང་འདྲེན་དང་། མི་གྲངས་50ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་པ་མ་ཟད། ཉིན་རེར་ཆ་སྙོམས་ལྟོ་སྣོད་གཙང་སེལ་དང་དུག་སེལ་བྱེད་ཚད་ཁྲི་3ལྷག་ཙམ་ཟིན་པ་དང་ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་800ལྷག་ཙམ་བྱུང་སྟེ། ལྷ་སའི་ལྟོ་སྣོད་དུག་སེལ་ཁྲོམ་རའི་སྐལ་གྲངས་ཀྱི་80%བཟུང་ཡོད་པ་རེད།
ཉི་མ་བསྟན་འཛིན་གྱིས་དང་ཐོག་ལས་རིགས་མང་པོའི་འགན་གཅིག་ལྕོགས་ཁུར་ཏེ་ཉིན་ལྟར་ཕྱིར་དོན་དག་སྒྲུབ་པར་འགྲོ་དགོས་པས་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད། འོན་ཀྱང་། ཁེ་ལས་རིམ་བཞིན་རྒྱུན་གཏན་གྱི་གཉེར་སྐྱོང་ལམ་བུའི་ཐོག་སྐྱོད་སྐབས་ཁོང་གིས་ལས་གཏོད་ལས་བྱུང་བའི་གྲུབ་འབྲས་དང་སྤྲོ་སྣང་ཚོར་ཡོད། སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ལམ་བུར་ཉི་མ་བསྟན་འཛིན་ལ་མཐར་ཐུག་གི་རྒྱལ་ཁ་ཐོབ་ནའང་། ཁོང་གིས་སྐབས་དེའི་རིང་མྱངས་མྱོང་བའི་དཀའ་སྡུག་དང་འཕྲད་མྱོང་བའི་འགལ་རྐྱེན་ད་བར་བརྗེད་མེད། ཁོང་གིས་ལས་གཏོད་ལ་རྒྱབ་སྐྱོར་དང་རོགས་སྐྱོར་དགོས་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་པ་མ་ཟད། ད་དུང་རང་ཉིད་ཀྱི་ལས་གཏོད་ཉམས་མྱོང་རྣམས་དེ་བས་མང་བའི་སློབ་ཆེན་སློབ་མའི་ལས་གཏོད་པར་མཉམ་སྤྱོད་བྱས་ཏེ། རང་ཉིད་དང་འདྲ་བའི་ལས་གཏོད་པ་ཚོར་རོགས་རམ་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།
2016ལོའི་ཟླ་7པར། ཉི་མ་བསྟན་འཛིན་སོགས་སློབ་ཆེན་སློབ་མའི་ལས་གཏོད་པ་12ཀྱིས་མཉམ་དུ་གཉེར་བའི་ལྷ་སའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་དངོས་སུ་བཙུགས་པ་དང་། ད་བར་ཚོགས་མིའི་ཚན་པ་བརྒྱ་ལྷག་ཙམ་བར་འཕེལ་རྒྱས་བྱུང་ཡོད་པ་རེད།
ཉི་མ་བསྟན་འཛིན་གྱིས་རང་ཉིད་ལ་ཐོབ་པའི་མཚན་སྙན་ལ་ཁེངས་སྐྱུང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ལྷ་སར་ལས་གཏོད་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པ་མ་ཟད། བོད་ཀྱི་སློབ་ཆེན་སློབ་མ་ཚོར་ཡང་ཡིད་ཆེས་དང་སྙིང་སྟོབས་ཆེན་པོ་འདུག ངས་ཀུང་སིའི་རྒྱ་སྟོབས་ཆེ་རུ་གཏོང་ཞོར་དུ་ སློབ་ཆེན་སློབ་མ་དེ་བས་མང་བའི་ལས་གཏོད་ལ་སྣེ་ཁྲིད་དང་རོགས་རམ་བྱེད་འདོད་ཡོད། ལས་གཏོད་པའི་འབད་བརྩོན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རོགས་རམ་འོག་ཚང་མའི་ལས་གཏོད་ལམ་བུ་ཇེ་ཡངས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།