རྩོམ་པ་པོ།   བསོད་བྷེ།  ཡིག་བསྒྱུར།       དུས་ཚོད།   2019-01-23   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
དམངས་སྲོལ་ཞེས་པ་འདིར་དབྱིན་ཇིའི་མཁས་པ་ཐང་མོ་སིས། "དམངས་སྲོལ་ཞེས་པ་ནི་མི་ཀུན་པོའི་ཁྲོད་དུ་ཡོངས་ཁྱབ་ཏུ་སྤེལ་བཞིན་པའི་སྲོལ་རྒྱུན་གྱི་དད་མོས་དང་། ངག་རྒྱུན། གོམས་སྲོལ། གདོད་མའི་དུས་ཀྱི་སྤྱོད་ཚུལ། གོམས་སྲོལ། དམངས་གླུ། གཏམ་དཔེ"སོགས་ཡིན་ཞེས་པ་དང་། ཡང་དབྱིན་ཇིའི་མཁས་པ་ཨེ་ཏི་ཧ་ཐི་ལེས"དམངས་སྲོལ་ནི་མི་རྒོད་དམ་གདོད་མའི་དུས་ཀྱི་མིའི་འདུ་ཤེས་དེ་དགོད་བྲོ་བའི་ཚུལ་དུ་རོལ་རྩེད་དང་། དད་མོས། གཏམ་དཔེ། གཏམ་རྒྱུད་བཅས་ཀྱི་ནང་དུ་ཤུལ་ལྷག་ཡོད་པ་དེ་ཡིན"ཞེས་བརྗོད། དེ་བཞིན་དུ་ཧྥ་རན་སེའི་དམངས་སྲོལ་རིག་པ་མཁས་པ་ཧྲིན་ཏེ་ཧྲོས་ཀྱང་"དམངས་སྲོལ་རིག་པ་ནི་དམངས་ཁྲོད་དུ་རྒྱུན་སྤེལ་བྱ་བཞིན་པའི་རིག་གཞུང་དེར་ཟེར"ཞེས་པ་ལྟར། མི་རྣམས་ལ་ལོ་རྒྱུས་སྟེང་དུ་ཆགས་པའི་ཐུན་མོང་གི་སྐད་ཆ་དང་ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། དེ་མིན་ད་དུང་ཐུན་མོང་གི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྟེང་དུ་མཚོན་པའི་ཐུན་མོང་གི་གཉུག་མའི་སེམས་རྒྱུད་བཅས་རྩ་བའི་ཁྱད་རྟགས་བཞི་བོ་འདི་ལྡན་པའི་གཏན་འཇགས་སུ་གནས་པའི་ཐུན་མོང་གི་ཚོགས་པ་ཞིག་ཡོད་ཚེ། མི་རིགས་ཤིག་གི་ཐ་སྙད་ཡོངས་སུ་ལྡན་ཞིང་། མི་རིགས་དེར་ཡང་ལོ་ངོ་མང་བོའི་རིང་ནས་བརྒྱུད་མྱོང་བའི་དད་མོས་ཀྱི་གོམས་སྲོལ་ཆོ་ག་དང་། ངལ་རྩོལ་ཕྱག་ལེན་སོགས་ཀྱི་གོམས་གཤིས་སུ་གྲུབ་པའི་དམངས་སྲོལ་ཡོད་སྲིད་དོ། །དེ་བཞིན་དུ་བོད་མི་རིགས་ལ་མཚོན་ནའང་འབུལ་རྫས་སྐོར་གྱི་དམངས་སྲོལ་དང་། གླུ་གར། རྒྱན་རིས། བཟོ་བཀོད། རྩེད་འཇོ། གཉེན་སྒྲིག འཛེམ་བྱ། མིང་འདོགས་སྲོལ། ཞིང་ལས་བྱེད་སྲོལ། རྒྱན་གོས། བཟའ་བཏུང་སྤྱོད་ལུགས་སོགས་མཐའ་ཡས་པ་ཞིག་ཡོད་ཀྱང་། འདིར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ལོ་ངོ་གཅིག་ནང་གི་དམངས་སྲོལ་དུས་ཆེན་སྐོར་རགས་ཙམ་གླེང་བར་བྱའོ། །
དང་པོ། བོད་ཀྱི་ལོ་གསར།
བོད་ཀྱི་ལོ་གསར་ཐོག་མ་དེ་བོད་རྒྱལ་དགུ་བ་སྤུ་དེ་གུང་རྒྱལ་གྱིས་དུས་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་། ཟླ་ཚེས་བརྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ། ལྷོ་ཁ་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་ལ་མེ་ཏོག་བཞད་འཕྲལ། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་། དེ་ནས་བོད་ཀྱི་ལོ་གསར་ཐོག་མ་གཏོང་མགོ་ཚུགས་པར་བཤད། འོན་ཀྱང་བོད་ཀྱི་ལོ་གསར་དེ་ཡང་ཡུལ་ལུང་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། སོ་ནམ་བྱ་ལས་ཀྱི་དུས་ཚོད་མི་འདྲ་བའི་དབང་གིས་མི་འདྲ་ས་མང་ཙམ་ཡོད་དེ། དཔེར་ན། ཀོང་པོ་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དང་། སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་སུ་བོད་ཟླ་བཅུ་གཅིག་པར་ལོ་གསར་གཏོང་བ། དབུས་གཙང་གི་ས་ཁུལ་མང་པོ་ཞིག་ཏུ་སོ་ནམ་ལོ་གསར་ཞེས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་སོགས་དང་། ཨ་མདོའི་ས་ཁུལ་དུ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་བར་བྱེད། བཤད་སྲོལ་ལ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་བླ་མའི་ལོ་གསར་དང་། ཚེས་གཉིས་ལ་རྒྱལ་པོའི་ལོ་གསར། ཚེས་གསུམ་ལ་གཟབ་སྲོལ་གྲོས་སྟོན་བཅས་ཟེར་ཞིང་། ལོ་གསར་གྱི་སྔ་ནུབ་ཏུ་མང་ཚོགས་རྣམས་ཀྱིས་གྲ་སྒྲིག་ལས་ཀ་འདི་བཞིན་བགྱིད་དེ། གྲོ་སོ་ཕྱེ་མར་དང་། གྲོ་མ་འབྲས་སིལ། ཆང་ཕུད། སྣུམ་བཙོས་གོ་རེ། ཤ་དང་སིལ་ཏོག་བཅས་ཁ་ཟས་ཀྱི་སྡེར་ཁ་བཤམས། དེ་མཚུངས་སུ་ཁང་བའི་གདུང་མ་དང་། སྒོ་དང་སྒེའུ་ཁུང་། སྒོ་ཡོལ་སོགས་ལ་གད་བདར་དང་གསར་བར་བརྗེ་བ། ཁང་ཀླད་དུ་འཛུགས་རྒྱུའི་དར་ལྕོག་སོགས་ཀྱང་གྲ་སྒྲིག་ཚགས་ཆུད་བྱེད། ཚེས་གཅིག་ཉིན་གྱི་སྔ་མོར་རྒན་གཞོན་ཚང་མ་ཞོགས་པའི་དུས་ནས་ལངས་ཏེ། ཚང་མས་རྒྱན་གོས་གཟབ་མཆོར་སྤྲས་ཏེ། སྔོན་ལ་ཆུ་ལེན་པ་དང་། ཐོག་བསང་ཕུད་པ། དགོན་པར་ཕྱིན་ནས་རྟེན་མཆོག་རྣམས་ལ་མཆོད་མཇལ་ཕུལ་བ། རང་ཁྱིམ་དུ་ཇ་བསྲུབས་མ་དང་། གྲོ་འབྲས། ཕྱེ་མར། ཆང་ཕུད། གྲོ་ཐུག ཆང་སྐོལ། དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་ཟས་རིགས་སྣ་ཚོགས་ལ་རོལ་བར་བྱེད་ཅིང་། གཏམ་གྱི་ཐོག་མའང་ཕན་ཚུན་འཛུམ་མདངས་དང་བཅས་ལོ་གསར་བཟང་། བཀྲ་ཤིས་བདེ་ལེགས། ཨེ་མ་བག་དྲོ་སྐུ་ཁམས་བཟང(ལྷ་སའི་ཁུལ་དུ)ཞེས་སྙན་པར་བརྗོད། ཉིན་དེར་རང་ཁྱིམ་དུ་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་མགྲོན་སྐྱོད་བྱེད་སྲོལ་མེད་ལ། ཁ་རྩོད་རྒྱག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་ཚིག་ངན་གང་ཅིར་འཛེམ་པར་བྱ་བ་སོགས་སྲོལ་བཟང་དེ་དག་ལག་བསྟར་བྱེད། ཚེས་གཉིས་དང་གསུམ་ནས་བཟུང་གཉེན་ཉེ་དང་། གྲོགས་པོ། དཀར་ཉེ་སོགས་ལ་ཕན་ཚུན་མགྲོན་སྐྱོད་སོགས་ཀྱིས་ཞིང་གྲོང་དུ་ལོ་གསར་གྱི་འཁྲུག་ཆ་ཆེ་ཞིང་། གླུ་ལེན་གར་རྩེད། གཉེན་སྟོན། གྱ་སྟོན་སོགས་ཀྱང་སྐབས་དེ་དུས་སྤེལ། དུས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ས་ཁུལ་འགའ་རེ་རུ་ལྒང་ལི་འགྲན་སྡུར་སོགས་ཀྱི་རིག་རྩལ་བྱེད་སྒོའང་སྤེལ་བཞིན་མཆིས། བོད་མིས་ལོ་གསར་གཏོང་བའི་དུས་ཚོད་ཀྱང་ཅུང་རིང་སྟེ། ཕལ་ཆེ་བས་ཚེས་གཅིག་ནས་བཅོ་ལྔའི་བར་གཏོང་བར་བྱེད།
གཉིས་པ། ཆོ་འཕྲུལ་སྨོན་ལམ་ཆེན་མོ།
དུས་ཆེན་འདི་ནི་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་དུས་ཚོད་ནང་བདུད་དང་མུ་སྟེགས་པའི་རིགས་སྣ་རྣམས་ཆོ་འཕྲུལ་སྣ་ཚོགས་ཀྱིས་ཚར་བཅད་པའི་རྗེས་དྲན་གྱི་ཚུལ་དུ་ཆོས་རྒྱལ་མྱ་ངན་མེད་པས་ཆོ་འཕྲུལ་ཆེན་མོའི་དུས་ཆེན་བཙུགས་ནས་ཡུལ་ལུང་ཀུན་ཏུ་བཀྲ་ཤིས་ལོ་ལེགས་བྱུང་བ་དང་། དུས་བདེ་ཞི་འཇགས་བྱུང་བར་གྲགས།
ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ཟླ་བ་དང་པོར་ལྷ་སའི་གཙུག་ལག་ཁང་དུ་འཛུགས་གནང་མཛད་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་པ་དེ་ཡིན། དེའང་སེ་འབྲས་དགེ་གསུམ་གྱི་དགེ་འདུན་ཡོངས་རྫོགས་གདན་དྲངས་ཏེ་གཙུག་ལག་ཁང་དུ་ཚེས་གྲངས་ཆད་ལྷག་བབ་ཀྱིས་ཚེས་གསུམ་བཞི་གང་རུང་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་ཉིན་རྩ་གཅིག་གི་རིང་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་དགེ་འདུན་ཡོངས་ལ་ཉིན་རེའི་ཚོགས་དུས་གསུམ་སོ་སོར་གསོལ་ཇ་དང་། བཞེས་ཐུག སྐུ་འགྱེད་སོགས་བསྙེན་བཀུར་བླ་ན་མེད་པ་གནང་སྟེ་བསྟན་པ་རྒྱས་པ་དང་། འགྲོ་རྣམས་བདེ་བའི་ཞལ་འདོན་སྨོན་ལམ་རྒྱ་ཆེར་མཛད་པའི་སྲོལ་ཡོད། དེ་བཞིན་དུ་བོད་ཀྱི་ས་ཁུལ་གཞན་གྱི་དགོན་སྡེ་དག་ཏུའང་ཕྱག་ལེན་དེ་རྒྱུན་སྐྱོང་བཞིན་མཆིས།
གསུམ་པ། བཅོ་ལྔའི་མཆོད་པ།
བཅོ་ལྔའི་མཆོད་པ་ནི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཉིན་ཏེ། རྗེ་ཙོང་ཁ་པས་སྲོལ་བཏོད་པའི་མཛད་ཆེན་བཞིའི་ནང་གི་གྲས་ཤིག་ཡིན་པར་གྲགས། དེའང་ལྷ་སའི་བཅོ་ལྔའི་མཆོད་པ་ཞེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པའི་དུས་ཆེན་ཞིག་ཡིན་ལ། མཆོད་པའི་བྱེ་བྲག་ལ་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་ལས་བཟོས་པའི་མར་ཚོན་གྱི་བཟོ་བཀོད་དེ། དེའི་ནང་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཆོད་པའི་ལྷ་མོ་བརྒྱད། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། མེ་ཏོག་དང་ཉི་ཟླ་སྐར་གསུམ་སོགས་མཆོད་རྫས་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་བཀོད་ཅིང་། མཚན་མོར་ཕྱོགས་ཡོངས་ཀྱི་མཇལ་པ་མང་དུ་འདུས་ནས་མཆོད་མཇལ་ཞུ། དེང་སང་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་གྱི་སྲོལ་ཡང་དེ་ནས་བྱུང་བར་བཤད་དོ། །
བཞི་བ། ས་ག་ཟླ་བའི་དུས་ཆེན་སུམ་འཛོམས།
ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་དུས་གཅིག་ལ་འཛོམས་པར་གསུངས། ཡང་བཞེད་ཚུལ་གཞན་ཞིག་ལ། ས་ག་ཟླ་བའི་ཚེས་བདུན་ལ་སངས་རྒྱས་ཐུགས་རྗེ་ཅན་ཁོང་ལིམ་བིའི་ཚལ་དུ་སྐུ་བལྟམས་པ་དང་། ཚེས་བཅོ་ལྔ་ཉིན་ལྷུམས་སུ་ཞུགས་པ། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་པ་ཡིན་ཟེར། བོད་མི་རྣམས་ཀྱིས་ས་ག་ཟླ་བ་དེར་དུས་སྟོན་ཆེན་པོ་ཞིག་ཏུ་བརྩིས་ནས་ཧ་ཅང་མཐོང་ཆེན་བྱས་ཏེ། དམར་ཟས་སོགས་སྤངས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་སུ་གཞོལ་བར་བྱས་ལ། ཟླ་དེའི་དགེ་སྒྲུབ་ཀྱི་ཕན་ཡོན་ནི་འབུམ་འགྱུར་གྱིས་ཆེ་བར་རྗོད་བཞིན་ཡོད།
ལྔ་བ། ཞོ་སྟོན།
ཞོ་སྟོན་ནི་ལྷ་སའི་ཁུལ་དུ་དར་ཆེ་ཞིང་དེ་དབྱར་གྱི་སྟོན་མོ་ཞིག་སྟེ། བོད་ཟླ་དྲུག་པའི་གནམ་གང་གི་སྔ་དྲོ་འབྲས་སྤུངས་ནུབ་རིའི་ལྡེབས་སུ་ཐུབ་པའི་གོས་སྐུ་ལེགས་པར་བཤམས་ཏེ། ལྷ་མོ་པ་རྣམས་ཡུལ་ལུང་སོ་སོ་ནས་ཐོན་པ་དང་། ཁོ་ཚོས་འཁྲབ་གཞུང་འདྲ་མིན་སྣ་ཚོགས་ཀྱི་ཟློས་གར་རྩེ་བར་བྱེད་ཅིང་། ལྟད་མོ་པའི་ཚོགས་ཀྱང་མེ་ཏོག་ལ་བུང་བ་འདུས་པ་བཞིན་མི་ཚོགས་ཀྱི་ཡོ་ལང་རབ་ཏུ་རྒྱས་པར་བྱེད། ཞོ་སྟོན་གྱི་འབྱུང་ཁུངས་ལའང་བཤད་ཚུལ་གཉིས་མཆིས་ཏེ། གཅིག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་འགྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས་རིམ་བརྒྱུད་བྱུང་བར་བརྗོད་ཅིང་། ཅིག་ཤོས་ནི་བོད་ཟླ་བདུན་པའི་ནང་ཞོ་ལེགས་པ་དང་འཕེལ་བའི་དུས་ཡིན་པས་ན། ཞོའི་སྟོན་མོ་གཏོང་བའི་བཤད་སྲོལ་མཆིས།
དྲུག་པ། ལྷ་བབས་དུས་ཆེན།
བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནི་སངས་རྒྱས་ལྷ་ཡུལ་ལས་མི་ཡུལ་དུ་བབས་པའི་ཉིན་ཡིན་ཏེ། བཤད་ཚུལ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་མ་ཡུམ་སྐུ་གཤེགས་ནས་ལྷ་ཡུལ་དུ་ལྷའི་སྐྱེ་བ་བླངས་རྗེས། ཁོང་གིས་ཡུམ་དང་ལྷ་རྣམས་ལ་ཆོས་གསུང་ཆེད་ལྷ་ཡུལ་དུ་ཕེབས་པ་དང་། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ཕྱིར་མི་ཡུལ་དུ་ཕེབས་པའི་ཉིན་ཁྱད་པར་ཅན་ཞིག་ཡིན་པས་ན། མི་རྣམས་ཀྱིས་ཉིན་དེར་རྗེས་དྲན་བྱེད་ཆེད་སངས་རྒྱས་ལྷ་ལས་བབས་པའི་ཉིན་ཞེས་དགོན་སྡེ་སོགས་སུ་ཕྱིན་ནས་མཆོད་མཇལ་དང་། སྡིག་སྤོང་དགེ་སྒྲུབ། ངན་སློང་བར་སྦྱིན་གཏོང་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་བརྩོན་པར་བྱེད་པའི་ཉིན་མོ་ཞིག་གོ།
བདུན་པ། དགའ་ལྡན་ལྔ་མཆོད།
དགའ་ལྡན་ལྔ་མཆོད་ཅེས་པ་ནི་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་ལ་ཟེར་བ་ཡིན། དེའང་སྤྱི་ལོ1419ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས། དེ་ཉིན་བོད་མི་དད་ལྡན་ཚོས་རང་གི་འབྱོར་བར་གཞིགས་ཏེ་དགོན་སྡེ་ཁག་ལ་མཆོད་འབུལ་དང་། མཚན་མོར་ཁང་བའི་ཡང་ཐོག་ཏུ་མར་མེ་བསྒྲོན་ནས་ད་ལྟའི་གླིང་མེ་བསྒྲོན་པ་ཞེས་པའང་འདི་ལས་དར་བ་ཡིན་ནོ། །
བརྒྱད་པ། འོང་སྐོར།
ལྷ་སའི་ཁུལ་དུ་དེར་འོང་སྐོར་ཞེས་འཆད་ཅིང་མདོ་སྨད་ཁུལ་དུ་ཆོས་སྐོར་ཞེས་བརྗོད། དེ་ནི་སྤུ་དེ་གུང་རྒྱལ་གྱི་དུས་སུ་མཛངས་བློན་རུ་ལས་སྐྱེས་ཀྱིས་ཞིང་ལས་ལ་མཐོང་ཆེན་མཛད་ནས་ཞིང་ལས་གོང་འཕེལ་གཏོང་སྐབས། བོན་པོ་རྣམས་ཀྱིས་ཞིང་ལ་བསྐོར་བ་བརྒྱབ་ནས་ལོ་ལེགས་ཡོང་བའི་གསོལ་་་་་་་་་་་འདེབས་ཆོ་ག་སྤེལ་བ་ནས་བཟུང་། རིམ་པར་དམངས་ཁྲོད་དུ་དར་བའི་དུས་ཆེན་ཞིག་རེད། དེ་ལྟར་ན་སྲོལ་དེ་བྱུང་ནས་ད་བར་དུ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད། དུས་ཆེན་དེ་གྲ་རྒྱས་སུ་གཏོང་དགོས་དོན་ནི་ངལ་རྩོལ་མི་དམངས་རྣམས་ཀྱིས་རང་བྱུང་གི་གནོད་འཚེ་ཡོངས་ལས་རྣམ་པར་རྒྱལ་ཏེ་ཞིང་ལས་ལོ་ཏོག་ལོ་ལེགས་འབྱུང་བར་སྐྱབས་བཅོལ་ཞུ་བའི་དུས་ཆེན་ཞིག་རེད། འོང་ཞེས་པ་ནི་ལོ་ལེགས་འོང་བ་སྟེ་སྟོན་ཐོག་ལེགས་པོ་འོང་བ་དང་། སྐོར་ནི་བསྐོར་བ་བརྒྱབ་པའི་དོན་ཡིན། དེ་སྔོན་འོང་སྐོར་གཏོང་སྐབས་མི་རྣམས་ཀྱིས་ཆོས་དཔེ་སྒལ་བར་འཁུར་ནས་བསྐོར་བ་རྒྱག་པ་དང་། དུས་ཚོད་ཀྱང་གཅིག་མཐུན་མིན་ཏེ། ཡུལ་ལུང་སོ་སོའི་ས་བབ་དང་གནམ་གཤིས་ཀྱི་དབང་གིས་ལོ་ཏོག་སྨིན་པའི་སྔ་འཕྱི་ལ་གཞིགས་ཏེ་བསྐོར་བ་རྒྱག་པ་ཡིན། ནང་དོན་ཚང་མ་འདྲ་སྟེ་ལོ་ལེགས་འབྱུང་བའི་ཆེད་དུའོ། །