རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་21ཉིན། ཁམས་པའི་བརྙན་འཕྲིན་ཁང་གིས་སྤྱི་ལོ་2019ལོ་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ལོ་སར་སྤྲོ་ཚོགས་༼ བཀྲ་ཤིས་གཡང་ལོ། ༽ཞེས་པར་ཕབ་བསྐྲུན་ལེགས་གྲུབ་བྱུང་། སྤྲོ་ཚོགས་དེ་ནི་དབུས་གཙང་དང་ཁམས་པ། ཨ་མདོ་བཅས་ཀྱི་མདོ་འཛིན་པས་མདོ་འཛིན་བྱས་པ་དང་། ཚོགས་ར་གཙོ་བོ་དང་རྨ་ལྷོ་ཡན་ལག་ཚོགས་ར་གཉིས་བགོར་ཡོད་དེ་ཚོགས་ར་གཉིས་ཀྱི་ལེ་ཚན་ཁྱོན་བསྡོམས་དུས་ཡུན་ཆ་ཚོད་ལྔ་ལྷག་ཡོད་པ་རེད།
སྤྲོ་ཚོགས་སུ་བོད་ཀྱི་གླུ་བ་དང་གླུ་མ་གྲགས་ཅན་གཡའ་དྭངས་དང་འཇམ་དབྱངས་སྒྲོལ་མ། བཀྲ་ཤིས་ཉི་མ། ཤེར་བསྟན། ཚེ་དབང་ལྷ་མོ་སོགས་དང་། དཀར་མཛེས་མི་རིགས་ཟློས་གར་ཚོགས་པ་དང་བདེ་ཆེན་མི་རིགས་གླུ་གར་ཚོགས་པ་སོགས་ཀྱིས་སྙན་མོའི་ངག་གི་འགྱུར་ཁུག་དང་ལྡེམ་མྱུར་གར་གྱི་སྟངས་སྟབས་ཀྱིས་གནམ་ལོ་གསར་པ་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱས།
སྤྲོ་ཚོགས་དེ་ནི་2019ལོའི་ཟླ་2པའི་ཚེས་5ཉིན(ལོ་སར་ཚེས་གཅིག)གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་མི་རིགས་འཕྲིན་ལམ་ནས་གཏོང་རྒྱུ་ཡིན་པ་དང་། དེ་མིན་ད་དུང་ཀྲུང་དབྱང་གི་སྨྱན་སྦྱོར་འགའ་དང་དྲ་ལམ་སོགས་ནས་ཀྱང་གཏོང་རྒྱུ་རེད།