ཞི་ཅིན་ཕིང་གིས་སྨྱན་སྦྱོར་མཉམ་འདྲེས་ཐད་ལ་གསུང་བཤད་གལ་ཆེན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-28   རྩོམ་ཁུངས།    མི་དམངས་དྲབ།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཀུན་འདུས་སྨྱན་སྦྱོར་དུས་རབས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་གནང་ཞིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།



 ཟླ་1ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཀུན་འདུས་སྨྱན་སྦྱོར་དུས་རབས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་གནང་ཞིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀུན་འདུས་སྨྱན་སྦྱོར་དུས་རབས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་བསྐྲུན་རྒྱུ་ནི་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། ང་ཚོས་ཆ་འཕྲིན་གསར་བརྗེའི་གྲུབ་འབྲས་སྤྱད་དེ་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གཙོ་རྒྱུན་གླེང་ཕྱོགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་བསམ་བློའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་བྱེད་སྐབས“སློབ་ཁང”སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོར་བཀོད་སྒྲིག་བྱས་ནས་བརྟག་ཞིབ་དང་། གསལ་འགྲེལ། གྲོས་བསྡུར་བཅས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པའི་ཐོག་སྤེལ་ཡོད་པ་རེད།

         ཚེས་25ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་པ་རེད། ཁོང་རྣམ་པས་དང་ཐོག་མི་དམངས་ཉིན་རེའི་ཚགས་པར་གྲངས་འཛིན་ཁྱབ་སྤེལ་ཀུང་སིར་ས་གནས་ས་ཐོག་ཏུ་གློག་རྡུལ་ཚགས་པར་ལྟ་ཀློག་གི་ལེ་ཚན་བཏོད་པ་དང་ཁྱབ་གདལ་བེད་སྤྱོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་མཁྱེན་རྟོགས་གནང་བ་རེད། གྲངས་འཛིན་ཅན་གྱི་སྤྱོད་སྣེ་དེ་འདྲར་གསར་འགྱུར་ལྟ་ཀློག་དང་། བསམ་བློ་ཆབ་སྲིད་སློབ་སྦྱོང་། དཔེ་དེབ་དང་དུས་དེབ་གཡར་ཀློག་སོགས་ཀྱི་ནུས་པ་འདུས་ཡོད་པ་མཁྱེན་རྟོགས་བྱུང་སྐབས་ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གློག་རྡུལ་ཚགས་པར་ལྟ་ཀློག་ལེ་ཚན་ནི་སྨྱན་སྦྱོར་ཁྱབ་སྤེལ་གྱི་གསར་གཏོད་གལ་ཆེན་གྱི་རིགས་ཤིག་རེད། རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་འདུ་ཤེས་ཀྱི་བསམ་ཕྱོགས་དང་། སྒྲིག་གཞི་དང་ལམ་སྲོལ། བྱ་ཐབས་དང་ཐབས་ཤེས་བཅས་ཀྱི་ཐད་མུ་མཐུད་འཚོལ་ཞིབ་བྱེད་པ་དང་། གཞི་རིམ་ལ་རྒྱ་སྐྱེད་དང་། མ་ལག་དང་སྒྲིག་ཆས་ཚང་མར་སྣུར་སྲིང་། མང་ཚོགས་དང་ཉེ་བཅར་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་རིག་གནས་དང་ཆ་འཕྲིན་གྱི་ཞབས་འདེགས་ཞུས་ནས་མི་དམངས་ཉིན་རེའི་ཚགས་པར་མི་དམངས་དང་ཉེ་བཅར་དེ་བས་ཐུབ་པ་དང་མི་དམངས་ཉིན་རེའི་ཚགས་པར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        སྒུལ་བདེའི་འཕྲིན་སྤེལ་བཀོད་འདོམས་ལས་སྟེགས་མདུན་དུ་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་ཁྲེང་ཏེ་གྲོང་ཁྱེར་ལོན་ཕིང་རྫོང་ཕིང་ཕང་མན་ཇུ་རིགས་ཤང་ཡུས་དབྱིང་གྲོང་ཚོར་བཅར་འདྲི་ཞུ་བཞིན་པའི་གསར་འགོད་པ་དང་དབུལ་སྐྱོར་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་དང་བརྙན་ལམ་བརྒྱུད་སྤེལ་རེས་གནང་སྟེ་གྲོང་ཚོ་དེའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་ནི་ལོ་རྒྱུས་རང་བཞིན་གྱི་འདུ་འགོད་ཅིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད། རང་རེའི་ཏང་གིས་ནན་ཏན་ལ་མཐོང་ཆེ་ཤོས་བྱས་ནས་གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱས་ནས་ཁ་བཤད་ལག་བསྟར་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད། ཁོང་གིས་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོས་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ནས་ལུས་ཚུགས་ཐུབ་པ་དང་སེམས་གནས་ཐུབ་པ་དང་གཞི་རིམ་དུ་རྩ་བ་ཚུགས་ནས་གཞི་རིམ་དང་ལྷག་དོན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོ་དེ་སློབ་སྦྱོང་སྦྱོང་བརྡར་བྱེད་པའི་ལས་སྟེགས་དང་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཏུ་བརྩིས་ཏེ་མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་གཏོང་བ་དང་།

        བརྩེ་སེམས་ཟབ་ཏུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། ས་གནས་དེ་གའི་མི་སེར་ལ་གནད་དོན་དངོས་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་གྲོང་གསེབ་དབུལ་པོར་འགྱུར་ལྡོག་གསར་པ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་བརྙན་ལམ་བརྒྱུད་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་ཡོངས་དང་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་དང་ཡུལ་མི་དུང་ཕྱུར་མང་པོར་མཛའ་བརྩེའི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

        དེ་རྗེས། ཞི་ཅིན་ཕིང་སོགས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་ལྟེ་གནས་སུ་མི་དམངས་ཉིན་རེའི་ཚགས་པར་གྱི་དཔོད་ཕྲན་དང་། སྐད་འཕྲིན་སྤྱི་རྟགས། སྤྱོད་སྣེ་བཅས་ཀྱི་འཛུགས་སྐྱོང་གནས་ཚུལ་སྙན་གསེང་གསན་པ་དང་འབྲེལ། སྨྱན་སྦྱོར་གསར་པའི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་ཏང་གི་ཚགས་པར་དང་དུས་དེབ་ཀྱིས་ཁྱབ་སྤེལ་བྱ་ཐབས་གཏོད་པ་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་དྲ་ཚུགས་དང་། དཔོད་ཕྲན། སྐད་འཕྲིན། གློག་རྡུལ་ཚགས་པར་ལྟ་ཀློག་ལེ་ཚན། ལགས་ཐོགས་ཁ་པར་གསར་འགྱུར། དྲ་རྒྱའི་བརྙན་འཕྲིན་སོགས་ཀྱི་སྨྱན་སྦྱོར་གསར་པ་སྣ་ཚོགས་འཕེལ་རྒྱས་གཏོང་བ་དང་། སྤེལ་རེས་རྣམ་པ་དང་། ཞབས་ཞུའི་རྣམ་པ། ཉམས་ལེན་གྱི་རྣམ་པ་བཅས་ཀྱི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བ། གསར་འགྱུར་ཁྱབ་སྤེལ་ཕྱོགས་ཡོངས་ལ་ཁྱབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྣུར་སྲིང་། ཁྱབ་ཁོངས་མང་པོར་རྒྱ་སྐྱེད་ཐུབ་པ། ཏང་གི་གསུང་སྒྲ་སྤྱོད་སྣེ་སྣ་ཚོགས་ལ་ཐད་ཀར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གླེང་ཕྱོགས་ཀྱི་འཐབ་ས་གསར་པ་ཧུར་ཐག་བཟུང་དགོས་པའི་ནན་བཤད་གནང་བ་རེད།

        གཟིགས་སྐོར་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སོགས་མི་དམངས་དྲ་བའི་ཀུན་འདུས་སྨྱན་སྦྱོར་ཁྱབ་སྤེལ་ཚོད་འཛིན་ལྟེ་གནས་སུ་ཕེབས་ཤིང་། མི་དམངས་དྲ་བའི་སྤྱི་ཁྱབ་ཡེ་ཀྲེན་ཀྲེན་གྱིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་གསལ་འགྲེལ་བྱས་པ་དང་འབྲེལ། ཚང་མས་གྲོས་བསྡུར་གནང་བ་རེད།

        ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀུན་འདུས་སྨྱན་སྦྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་བརྒྱུད་རིམ་ཧྲིལ་པོའི་སྨྱན་སྦྱོར་དང་། ཆ་འཕྲིན་ཡོངས་མངོན་པའི་སྨྱན་སྦྱོར། མི་སྣ་ཡོངས་ཀྱི་སྨྱན་སྦྱོར། ཕན་འབྲས་ཆ་ཚང་ཐོན་པའི་སྨྱན་སྦྱོར་བཅས་གསར་དུ་ཐོན་པས་ཆ་འཕྲིན་གང་སར་ཁྱབ་པ་དང་། ཚང་མས་ཤེས་རྟོགས་ཐུབ་པ། ཀུན་གྱིས་སྤྱོད་པ་བཅས་བྱུང་སྟེ་གླེང་ཕྱོགས་ཀྱི་ཁོར་ཡུག་དང་། སྨྱན་སྦྱོར་གྱི་རྣམ་པ། ཁྱབ་སྤེལ་གཏོང་སྟངས་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ། གསར་འགྱུར་གླེང་ཕྱོགས་ལས་དོན་ལའང་འགྲན་སློང་གསར་པ་འཕྲད་ཡོད། དེས་ན། ང་ཚོས་དུས་བསྟུན་ཇུས་འགོད་དང་། བབ་བསྟུན་འགུལ་སྤེལ། བབ་བསྟུན་ལས་སྒྲུབ་བཅས་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་། གཙོ་རྒྱུན་སྨྱན་སྦྱོར་ལ་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། དམངས་མགུའི་ནུས་པ་བཅས་ཆེན་པོ་ལྡན་པ་བྱེད་པ། དྲ་ཐོག་དང་དྲ་འོག་ཏུ་སེམས་མཐུན་འཁོར་རྒྱ་ཆགས་པར་བྱེད་པ། ཕུགས་བསམ་དད་སེམས་དང་། རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་ཀྱི་ཐད་མི་དམངས་ཡོངས་མཐུན་སྒྲིལ་དམ་ཟབ་ཐུབ་པ་བཅས་བྱས་ནས་དྲང་ནུས་དེ་བས་འཕེལ་བ་དང་བརྗོད་དོན་གཙོ་བོ་དེ་བས་ཁ་གསལ་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་བཟང་སྒྲིག་དང་ལས་སྟེགས་བསྐྱར་སྐྲུན་བརྒྱུད། སྨྱན་སྦྱོར་གྱི་ཐོན་ཁུངས་དང་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། ཆ་འཕྲིན་ནང་དོན་དང་། ལག་རྩལ་བཀོལ་སྤྱོད། ལས་སྟེགས་སྤྱོད་སྣེ། དོ་དམ་བྱེད་ཐབས་བཅས་མཉམ་འདྲེས་འབྲེལ་མཐུད་ཐུབ་པ་བྱེད་པ། མཉམ་འདྲེས་ཀྱི་ངོ་བོ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གཞི་གཅིག་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཤུགས་རྐྱེན་དང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་ཁག་གཅིག་གཏོད་དགོས། སྒུལ་བདེ་སྔོན་འཇོག་གི་ཐབས་ཇུས་མཐའ་འཁྱོངས་ཀྱིས་གཙོ་རྒྱུན་སྨྱན་སྦྱོར་སྒུལ་བདེར་བརྟེན་ནས་ཁྱབ་སྤེལ་བཏང་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། བསམ་བློའི་ཁྲིད་སྟོན། རིག་གནས་རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་བཅས་ཀྱི་ཁྱབ་སྤེལ་གྱི་མཐོ་ས་བརྟན་པོ་བཟུང་དགོས། མིས་བཟོས་རིག་ནུས་གསར་འགྱུར་འཚོལ་བསྡུ་དང་། ཐོན་སྐྱེད། བསྡུ་ལེན། ཚུར་ལེན་བཅས་ཀྱི་ཁྲོད་སྤྱོད་རྒྱུར་འཚོལ་ཞིབ་བྱས་ཏེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

        ཞི་ཅིན་ཕིང་གིས་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་རྒྱུར་དམ་འཛིན་བྱས་ཏེ་ཁྱབ་སྤེལ་ལས་སྟེགས་གསར་པ་གཏོད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གསར་པ་སྐྲུན་པ། གཙོ་རྒྱུན་རིན་ཐང་གི་ཤུགས་རྐྱེན་ནུས་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་གི་གསུང་སྒྲ་ཁྱབ་སྤེལ་དེ་བས་ཁ་གསལ་དང་། དེ་བས་རྒྱ་ཁྱབ། དེ་བས་གཏིང་ཟབ་ཡོང་བ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཕྱོགས་སྟོན། རིན་ཐང་གཉེར་ཕྱོགས་བཅས་མཐའ་འཁྱོངས་དང་། འདུ་ཤེས་དང་། ནང་དོན། རྣམ་པ། ཐབས་ཤེས། བྱ་ཐབས་སོགས་གསར་གཏོད་བྱེད་པ་བརྒྱུད། དྲང་ཕྱོགས་དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་དྲིལ་བསྒྲགས་དོ་དམ་སྡེ་ཚན་གྱིས་དོ་དམ་ལམ་སྲོལ་སྒྱུར་བཅོས་གསར་གཏོད་དང་། སྲིད་ཇུས་བྱེད་ཐབས་ལེ་ལག་ཚང་བའི་ངང་དོན་འཁྱོལ་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྨྱན་སྦྱོར་དང་འབྲེལ་གཏུག་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

        ཞི་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་ནི་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར་ཞིག་རེད། ཚགས་པར་ཅིག་ལས་གོང་དུ་ཏང་སེམས་དང་འོག་ཏུ་དམངས་སེམས་འབྲེལ་ཡོད། མི་དམངས་ཉིན་རེའི་ཚགས་པར་དེ་བས་ཡག་པོ་གཉེར་ཏེ་ས་ཁོངས་ཁྱབ་ཁྱོན་དང་། མི་ཚོགས་ཁྱབ་ཁྱོན། ནང་དོན་ཁྱབ་ཁྱོན་བཅས་ཆེ་རུ་བཏང་ནས་གླེང་ཕྱོགས་ཕྱོགས་སྟོན་གྱི་ནུས་པ་དང་། དར་ཆའི་ནུས་པ། སྣེ་ཁྲིད་ཀྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།