ཐང་སྟེང་ཟམ་ཆེན་ཤར་གཏོང་ཐུབ་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



ཟམ་ཆེན་ཤར་གཏོང་ཐུབ་པའི་ཡུལ་དངོས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་28ཉིན་གྱི་སྔ་དྲོར།  ཐང་སྟེང་ཟམ་ཆེན་ཤར་གཏོང་ཐུབ་པ་རེད།  2018ལོའི་ཟླ་11པའི་ཚེས་14ཉིན།  འབྲི་ཆུའི་བཀག་ཆུ་ཆུ་ལོག་བདེ་ཆེན་དུ་བྱུང་དུས་ཐང་སྟེང་ཟམ་ཆེན་ལ་གནོད་སྐྱོན་བཟོས་པ་རེད།  དེ་རྗེས་ཀྱི་ཟླ་བ་གཉིས་ལྷག་གི་དུས་ཡུན་དུ་འབྲི་ཆུའི་ངོགས་གཉིས་ཀྱི་མང་ཚོགས་རྣམས་མིན་ན་ཆུ་ཚོད་གཉིས་ལྷག་གི་ལམ་བསྐོར་ནས་ཕྱིར་འགྲོ་བ་དང་ཡང་མིན་ན་རིན་སྟེར་ནས་གྲུར་བསྡད་ནས་འགྲོ་དགོས་པ་རེད།


ཆུ་ལོག་བྱུང་རྗེས་ཆུ་ངོགས་ཀྱི་མང་ཚོགས་གྲུར་བསྡད་ནས་ཕྱིར་ཐོན་པ།

        འཇོལ་རྫོང་ཐང་སྟེང་ཤང་གི་འབྲི་ཆུའི་ཟམ་ཆེན་ནི་ཐང་སྟེང་ཤང་དང་བྲག་ཞབས་ཤང་གཉིས་ཞིང་ལམ་C215ལམ་ཐིག་གི་ཉི་ཤར་ནས་མཐའ་ཆུ་བར་གྱི་གཞུང་ལམ་དང་འབྲེལ་མཐུད་བྱེད་པའི་གནད་འགག་གལ་ཆེན་ཞིག་ཡིན་ལ།  ས་ཁོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་དང་དཔལ་འབྱོར་དར་འཕེལ་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་ལྡན་པ་རེད།  གནོད་སྐྱོན་བྱུང་རྗེས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བསྐྱར་སྐྲུན་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ལས་གཞི་སྒྲུབ་ཚད་མྱུར་དུ་གཏོང་སྟེ།  ཉིན་མ་13སྔོན་དུ་ཤར་གཏོང་ཐུབ་པ་རེད།

        ཟམ་ཆེན་དེ་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་མང་ཚོགས་རྣམས་ཕྱིར་ཐོན་པ་ལ་སྟབས་བདེ་སྐྲུན་པ་དང་།  ཆུ་ལོག་གི་གནོད་སྐྱོན་བྱུང་བའི་ས་གནས་ཀྱི་བསྐྱར་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།