རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ལོ་གསར་མ་ཐོན་གྱི་སྐབས་སུ། གང་སར་ལོ་གསར་གྱི་ཉོ་ཅ་རྒྱག་པའི་རྣམ་པ་ཞིག་གིས་གང་སར་གང་འདུག ལོ་གསར་ལ་ཁྱིམ་ཚང་རེ་རེས་རང་གི་ཆ་རྐྱེན་ལྟར་ཉོ་ཅ་མང་པོ་ཞིག་རྒྱག་དགོས། དེའི་ཁྲོད་དུ་བྱིས་པ་ཚོ་ལ་ཞོར་ཟས་ཉོ་རྒྱུ་ཡང་ཆད་མི་རུང་བའི་དོན་དག་ཅིག་ཏུ་གྱུར་ཡོད་འདུག
ཞོར་ཟས་ཀྱི་བདེ་ཐང་སྐོར་ནས་ཉེ་བའི་ལོ་འགའི་རིང་ལ་མི་སྣ་མང་པོ་ཞིག་གིས་ཡང་དང་བསྐྱར་དུ་གླེང་མོལ་དང་གསལ་འདེབས་གནང་གི་འདུག ཡིན་ན་ཡང་སྔར་བཞིན་ལོ་གསར་གྱི་བར་སྐབས་སུ་ཞོར་ཟས་སྣ་ཚོགས་ཟ་བའི་གོམས་གཤིས་དེ་ད་དུང་བསྒྱུར་ཐུབ་ཀྱི་མེད། ཞོར་ཟས་ཉུང་ཙམ་བསྟེན་ན་མི་ཆོག་རྒྱུ་མེད་མོད། ཡིན་ཡང་མང་དྲགས་ན་བདེ་ཐང་ལ་གནོད་པ་ཤ་སྟག་རེད། ལོ་གསར་གྱི་སྐབས་སུ་སྡེར་ཁ་མང་པོ་ཞིག་སྒྲིག་དགོས་པ་དང་། སྡེར་ཁའི་གཡས་གཡོན་དུ་ཞོར་ཟས་སྣ་ཚོགས་སྤུངས་ཀྱི་ཡོད་པས། རིམ་བཞིན་དེ་དག་ནི་བྱིས་པ་ཚོས་ཁ་ཟས་སུ་གྱུར་ནས་དེ་དག་ཟ་རྒྱུ་གོམས་ལོབས་སུ་སོང་ཡོད་པ་རེད། བྱིས་པ་ལ་ལས་ཤ་མད་ཐུད་དང་ཚོད་མ་སོགས་མི་ཟ་བར། ཁུ་ནག་དང་ཞོར་ཟས་རྐྱང་རྐྱང་ཟོས་ནས་ཕོ་བ་འགྲངས་པར་བྱེད་མཁན་ཡང་ཉུང་ཉུང་མ་རེད།
འདིའི་སྐོར་ནས་ཁྱིམ་བདག་ཚོས་ངེས་པར་གཟབ་གཟབ་བྱེད་དགོས་ས་རེད། གོང་སླ་བའི་ཞོར་ཟས་འདི་དག་གི་ནང་དུ་རྫས་གང་དག་བསྲེས་ཡོད་མེད་དང་། དེ་དག་ཟས་རིགས་ཚད་ལྡན་ཡིན་མིན། ཟོས་ན་ལུས་པོར་གནོད་པ་ཡོད་མེད་ཀྱི་གནས་ལུགས་ལ་འདང་ཅིག་བརྒྱབ་ནས་ཅིས་ཀྱང་གཟབ་དགོས་པ་ཞིག་རེད། རབ་ཡིན་ན་ལོ་གསར་གྱི་སྔོན་ལ་དེ་འདྲའི་ཞོར་ཟས་མང་པོ་མ་ཉོས་ན་བཟང་། དེ་དག་གི་ཚབ་ཏུ་སིལ་ཏོག་ཟོས་ན་ཅི་འདྲའི་བཟང་བ་ཞིག་རེད།
འདིར་ཆེད་དུ་ཞོར་ཟས་ཀྱི་སྐྱོན་འགའ་བཤད་པ་ལ། གཅིག་ནས་བྱིས་པའི་སོ་རུལ་འགྲོ། རྒྱུ་མཚན་ནི་ཞོར་ཟས་དེ་དག་གི་ནང་དུ་མངར་ཆའི་རྫས་མང་པོ་ཞིག་བསྲེས་ཡོད་པ་རེད། གཉིས་ནས་བྱིས་པའི་ལུས་སྟོབས་སྐྱེ་འཕེལ་ལ་གནོད། ཞོར་ཟས་དེ་དག་མི་རུལ་བའི་ཆེད་དང་ཡང་ན་ཞིམ་མངར་ལྡན་པའི་ཕྱིར་དུ་རྫས་འགྱུར་མང་པོ་ཞིག་བསྲེས་ཡོད་པས། བྱིས་པའི་ལུས་ཕུང་སྐྱེ་སྟོབས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད། གསུམ་ནས་བྱིས་པའི་ནད་འགོག་ནུས་པ་ཇེ་ཞན་དུ་འགྲོ་བཞིན་འདུག ཞོར་ཟས་དེ་དག་གི་ནང་དུ་རྫས་ངན་པ་མང་པོ་ཞིག་འདྲེས་ཡོད་པས་ལུས་པོའི་ནང་ནས་ཕྱིར་འབུད་གཏོང་དཀའ་བས། རིམ་བཞིན་ལུས་པོའི་ནད་འགོག་ནུས་པ་ཇེ་ཞན་དུ་གཏོང་བཞིན་ཡོད། བཞི་ནས་ཕོ་ཁར་གནོད་བསྐྱལ་བཞིན་ཡོད། ཞོར་ཟས་ཀྱི་ནང་དུ་མདོག་སྒྱུར་བྱེད་ཀྱི་རྫས་མང་པོ་ཞིག་བཅུག་ཡོད་པས། ཐད་ཀར་དུ་ཕོ་ཁར་གནོད་པ་བཟོ་བཞིན་ཡོད། ལྔ་ནས་རྒྱགས་པ་ཆགས་བཞིན་འདུག ཞོར་ཟས་དེ་དག་གི་ནང་དུ་སྣུམ་ལྡུག་རྒྱུ་མང་བས་མྱུར་བར་རྒྱགས་པ་ཆགས་སླ་བ་རེད། དྲུག་ནས་འཚོ་བཅུད་ཀྱིས་མི་འདང་བར་འགྱུར་ངེས། ཞོར་ཟས་ཟ་རྒྱུ་ལོབས་སོང་ན་རྒྱུན་ལྡན་གྱི་ཟ་མ་ཟ་ཚད་ཉུང་བས་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་འབྱུང་དུ་འཇུག་པ་རེད། བདུན་ནས་ཞོར་ཟས་ཟ་རྒྱུ་མང་ན་འབྲས་སྐྲན་གྱི་ནད་འབྱུང་བའི་ཉེན་ཁ་ཆེ། གནས་ཚུལ་འདི་དག་ལ་དམིགས་ནས་ཁྱིམ་བདག་གིས་ཅིས་ཀྱང་བྱིས་པས་ཞོར་ཟས་ཟ་བར་ཚོད་འཛིན་བྱེད་པའི་དགོས་པ་ཤིན་ཏུ་ཆེ།
དེང་སང་སྡེ་བ་ལ་ལས་སྡེར་ཁ་ཚད་ལྡན་སྒྲིག་པ་དང་། ཁུ་ནག་དང་ཞོར་ཟས་མང་པོ་ཉོས་མི་ཆོག་པའི་སྒྲིག་ལམ་བཞག་འདུག འདི་ནས་དངོས་ནས་དཔེ་བཟང་བོ་ཞིག་རེད། སྒྲིག་ལམ་གྱི་ནུས་པ་ཐོན་པ་ཡིན་ན་ཞོར་ཟས་དེ་དག་མི་ཉོ་བར་ཐུན་མོང་གི་འདུ་ཤེས་ཤིག་ཆགས་སྲིད་ན་ཐང་། ཡིན་ན་ཡང་གཙོ་བོ་ཁྱིམ་བདག་རང་ལ་རག་ལས་ཡོད།