རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2019-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
འདི་ནི་ང་རང་མཐོ་འབྲིང་མཐར་ཕྱིན་ནས་སློབ་ཆེན་འགྲིམས་དུས་ཀྱི་མི་ལོ་བཅོ་བརྒྱད་སྔོན་གྱི་དོན་དག་ཅིག་ཡིན། ཁོར་ཡུག་གཞན་དུ་སོང་མ་མྱོང་བའི་མི་ཞིག་ལ་མཚོན་ན་ཕྱི་ཕྱོགས་ཀྱི་གྲོང་ཁྱེར་དུ་ཐོན་པ་ན། སེམས་ལ་མཚར་སྣང་ཅི་རིགས་ཤིག་སྐྱེས་ཡོང་གི་འདུག ལྷག་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་མགོ་ལ་ནགས་ཀྱིས་བཀང་བའི་ཆུ་མིག་ལྔ་ལྡན་རི་ཡི་འདབས་རོལ་དུ་གནས་ཤིང་། སློབ་ཁྲིད་ཐོག་ཁང་ཡང་མཐོ་ཞིང་བརྗིད་ལ། དེ་མིན་སྐྱེད་ཚལ་ནང་ལ་མེ་ཏོག་ཨ་ཀ་ར་དང་པདྨའི་དྲི་ཞིམ་གྱིས་ཁེངས་ནས་ཁོ་ར་ཁོར་ཡུག་ཀུན་ལ་ཉམས་དགའ་བའི་སྣང་བ་ཤར་བའི་གནས་ཤིག་རེད། མི་རིགས་སྣ་མང་གི་སློབ་མ་ཁྲི་ཕྲག་འགའ་འདུས་ས་ཞིག་ཡིན་པས། སློབ་སྦྱོང་གི་ཞོར་ལ་ལུས་སེམས་གཉིས་ལ་ཡང་འགྱུར་ལྡོག་མི་ཉུང་བ་ཞིག་ཐེབས་ཀྱི་ཡོད།
དེ་དུས་སློབ་གྲོགས་ཀྱི་ནང་ན་སྐྲའི་མདོག་བསྒྱུར་བ་དང་རྣ་ཕུག་ནས་རྣ་ལུང་བཏགས་ཏེ་གསར་རྟགས་སྟོན་པའི་སློབ་གྲོགས་མི་ཉུང་བ་ཞིག་ཡོད། ང་དང་ཕ་ཡུལ་གཅིག་པའི་སློབ་གྲོགས་ཤིག་ཡོད་པ་དེས་རྣ་ཕུག་ནས་རྣ་ལོང་བཏགས་པ་དང་། སྐྲ་མདོག་དམར་སེར་དུ་བསྒྱུར་བ་མཐོང་བས་ང་ཡང་རེ་ཞིག་ཧང་སང་བ་དང་། རིམ་བཞིན་དེ་ལྟར་བྱས་ན་གསར་བ་ལྗིད་པོ་ཞིག་ཡོད་སྙམ་པའི་བློ་སྐྱེས་ནས། དབྱར་གནང་མ་བྱིན་པའི་ཉིན་འགའི་སྔོན་ལ། ངས་ཀྱང་སྐྲའི་ཁ་མདོག་བསྒྱུར་ནས་རང་གི་ཕུལ་དུ་བྱུང་བའི་བཟོ་བལྟ་དང་ཐག་རིང་ན་ཡོད་པའི་ཕ་མ་དང་ཨ་ཅེ་ཚོ་ལ་སྟོན་དགོས་སྙམ་ནས་ཕ་ཡུལ་དུ་འབྱོར།
ང་ནི་ཁྱིམ་ནང་གི་ཆེས་ཐོག་མའི་སློབ་ཆེན་སློབ་མ་དེ་ཡིན་པའི་ཆ་ནས། ཐེངས་དང་པོར་དབྱར་གནང་བཏང་སྟེ་ཡུལ་ལ་ཐོན་པའི་ཡིན་པས། ཁོ་ཚོ་ཚང་མས་ང་རང་ཁྱིམ་དུ་ཐོན་པར་སྒུག་འདུག རང་ཉིད་སློབ་ཆེན་སློབ་མ་ཞིག་ཏུ་གྱུར་བའི་ང་རྒྱལ་དང་། ཐག་རིང་གི་གྲོང་ཁྱེར་འགྲིམས་པའི་ཤེས་ཡོན་པ་ཞིག་གི་རྣམ་སྟངས་བཟུང་སྟེ་འགྱིང་ཉམས་དང་བཅས་ཁྱིམ་དུ་ཐོན་པ་ན། ཕ་མ་གཉིས་ཀས་ཟླ་ངོ་འགའི་དྲན་གདུང་མ་གཟོད་པས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་མིག་ཆུ་བཞུར་བྱུང་། ངའི་ཨ་ཅེ་ནི་ཡུལ་ཕྱོགས་ཀྱི་སློབ་ཆུང་ཞིག་གི་དགེ་རྒན་ཡིན་པས། ཁོ་མོས་ངའི་སྐྲ་མདོག་བསྒྱུར་ཡོད་པ་ཤེས་ནས། ང་ལ་བཟོད་གསོལ་མེད་པའི་སྒོ་ནས་སྡིགས་དམོད་ལྗིད་མོ་ཞིག་བྱས་ཤིང་། མྱུར་བར་སྡེ་བའི་ཚོང་ཁང་ནས་སྐྲ་རྩི་བསྒྱུར་བྱེད་ཅིག་ཉོས་ཏེ་སྐྲ་མདོག་བསྒྱུར་དགོས་པའི་བཀའ་ཕབས།
ཨ་ཅེས་བཤད་པ་ལ་ཡང་རྒྱུ་མཚན་ཡོད་འདུག སྐབས་དེར་སློབ་ཆེན་འགྲིམས་ཐུབ་མཁན་དངོས་ནས་ཉུང་ཉུང་རེད། རྒྱུགས་འཕྲོད་པའི་དབང་དུ་བཏང་ན་ཡང་ཁྱིམ་ཚང་གི་ཆ་རྐྱེན་མ་བཟང་ན། ལོ་རེར་སློབ་ཡོན་སྒོར་སྟོང་ལྔ་དྲུག་ཙམ་འཁྱེར་ནས་དཔེ་ཆ་འདོན་ཐུབ་རྒྱུ་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད། ཨ་ཅེ་ཁོང་ཁྲོ་ལངས་དོན་ཡང་། ཕ་མས་གཉིས་ཀྱིས་དབྱར་གྱི་ཚ་བར་མ་འཛེམས། དགུན་གྱི་གྲང་ངར་མ་འཛེམས་པར་ཁྲག་གསོག་རྣག་གསོག་བྱས་པའི་དངུལ་ཡོད་ཚད་ངའི་ཆེད་དུ་བཏང་ན་ཡང་། ང་རང་ཕྱི་ཕྱོགས་སུ་ཐོན་པ་ན་ནང་སེམས་ཀྱི་རྒྱུད་ལ་ཡོན་ཏན་སྣ་རེ་བསྐྱེད་པར་མི་བརྩོན་པར། ཕྱིའི་ལུས་ལ་རྣམ་འགྱུར་སྣ་ཚོགས་བཏོད་ནས་སློབ་ཆེན་འགྲིམས་སྐབས་ཕ་མས་ཏན་ཏན་ཏིག་ཏིག་གིས་ང་ལ་གནང་བའི་བསླབ་བྱ་དྲོན་མོ་དེ་དག་བརྗེད་ངས་སུ་སོང་བ་དང་། ཡུལ་མི་ཚོས་ཕ་ཡུལ་ན་ད་དུང་དཀའ་སྡུག་གི་ལས་ཀ་བྱེད་པ་འདི་དག་བརྗེད་སོང་བས་རྐྱེན་གྱིས་རེད། ཁོ་མོས་ཞོར་དུ་ང་ལ་འདིའི་སྐོར་གྱི་གཏམ་རྒྱུད་ཅིག་བཤད་བྱུང་། མོ་དང་ལོ་ན་གཅིག་པའི་སློབ་གྲོགས་ཤིག་ལོ་འགའི་སྔོན་དུ་ཐག་རིང་གི་སློབ་ཆེན་འགྲིམས་པ་དང་། དབྱར་གནང་གི་སྐབས་སུ་ཕ་ཡུལ་དུ་ལོག་དུས་སྐྲ་མདོག་སེར་བོ་བསྒྱུར་ལ། རྒྱུགས་ཆེ་བའི་ལྭ་གསར་འགའ་གྱོན་ནས་སྡེ་གཞུང་འཚོགས་ས་ཞིག་ཏུ་ཐོན་པས། ཐག་རིང་མིག་གིས་མ་མཐོང་བའི་ཨ་ཡེ་རྒན་མོ་འགའ་དངངས་སྐྲག་སྐྱེས་ནས། ཨ་ཙི། འདི་ལ་འདྲེ་ཞིག་ཐོན་འདུག་ཅེས་བཤད་སོང་ཟེར། འདི་ནི་དགོད་བྲོ་བའི་གཏམ་རྒྱུད་ཐུང་ངུ་ཞིག་རེད། ཅུང་ཙམ་མིན་ན་ངས་ཀྱང་དེ་འདྲའི་དགོད་བྲོ་བའི་ཟློས་གར་འཁྲབ་སོང་།
ཕྱི་ཉིན་ངས་ཀྱང་ཨ་ཅེའི་ཁ་བླངས་ནས་སྐྲ་མདོག་ནག་པོར་བསྒྱུར་བ་ཡིན་ལ། ད་ལྟའི་བར་དུ་མགོ་ལ་སྐྲ་དཀར་པོ་རེ་འགའ་སྐྱེས་ན་ཡང་ཁ་མདོག་གཅིག་ཀྱང་བསྒྱུར་མ་མྱོང་། དངོས་ནས་སྐབས་དེར་སྐྲ་མདོག་བསྒྱུར་རྒྱུ་ཞིག་ཕར་ཞོག ལྭ་བ་མཚར་བོ་རེ་གྱོན་ན་ཡང་མི་རྣམས་ཀྱིས་བགྲོ་གླེང་བྱ་ཡུལ་དུ་གྱུར་འགྲོ། རིམ་བཞིན་སློབ་ཆེན་པ་ཕར་ཞོག ཐ་ན་སྡེ་བའི་ནང་གི་གསར་བུ་འགའ་རེས་ཀྱང་སྐྲ་མདོག་བསྒྱུར་བས་མི་ཚད། རྣ་ལུང་ཡང་ཕུག ལྭ་མཚར་བོ་གྱོན་མཁན་ཡང་མང་དུ་བྱུང་བ་དང་། གསར་མོ་རྣམས་ཀྱིས་ཀྱང་གདོང་ལ་རྫས་བྱུག་ནས་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་ཆགས། སྤྱི་ཚོགས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བས་སྡེ་བའི་ནང་གི་ལོ་ལོན་རྒན་པ་ཚོས་ཀྱང་ཆ་ལུགས་དེ་དག་གི་སྐོར་ལ་གཏམ་མཚར་བོ་བཤད་མཁན་མ་བྱུང་།
དོན་དག་ཆུང་ངུ་འདི་ཕར་འདས་ནས་མི་ལོ་མང་པོ་ཞིག་འགོར་ན་ཡང་། རྒྱུན་པར་ངའི་སེམས་ལ་གསལ་འདེབས་ཀྱི་ནུས་པ་ཞིག་ཐོན་གྱི་འདུག ན་སོ་གཞོན་པའི་དུས་ལ་གཞོན་དུས་ཀྱི་སྣང་བ་དེ་ལོངས་སུ་སྤྱོད་འོས་མོད་ཀྱང་། དེ་ལས་ཀྱང་གལ་ཆེ་བ་ནི་གཤིས་རྒྱུད་བཟང་བོ་ཞིག་ཆགས་པར་བརྩོན་རྒྱུ་དང་། རིག་པ་གསལ་བའི་དུས་ལ་རིག་གནས་ཡོན་ཏན་རེ་སློབ་པར་མ་འབད་ན། འཚར་ལོངས་བྱུང་དུས་ངེས་པར་རིག་གནས་འདི་དགོས་མཁོ་ཆེ་བའི་དུས་ཤིག་ལ་འཕྲད་རྒྱུ་ཡོད། རང་རྒྱུད་ན་རིིག་གནས་ཡོན་ཏན་ཡོད་ན་ནམ་ཡང་སུས་ཀྱང་འཕྲོག་མི་ཐུབ་པ་དང་། གཞན་གྱིས་འགྲན་དཀའ་བའི་ཡོན་ཏན་ཞིག་ལྷང་ངེར་གྲུབ་ཡོད་པས་མི་ཚེ་གཅིག་ལ་ཕན་ཐོགས་པ་རེད།