རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-04   རྩོམ་ཁུངས།    མི་དམངས་དྲ་བ།


ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་པ།    

དབང་དབྱང་གིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་དང་། ཀྲང་ཆིང་ལིས་གཙོ་སྐྱོང་གནང་བ། སུའུ་ཧུའེ་ཡིས་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ།

ཟླ་3ཚེས་3ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གནས་ཚུལ་ཡིན་པ།

ཟླ་3ཚེས་3ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་དུས་རབས་ཀྱི་ངོ་མཚར་ལེའུ་བརྩམས། མཉམ་དུ་རྒྱལ་དོན་གླེང་ནས་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཀོད། ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། སླད་ཕྱིན་ཉིན་བཅུའི་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་འགན་འཁྲི་ནན་ཏན་འཁུར་བ་དང་། སེམས་ནུས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་གནང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

       ཟླ་གསུམ་པའི་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ལ་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། མི་དམངས་ཚོགས་ཁང་ཆེ་མོའི་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་ཚོགས་རའི་རྣམ་པ་བརྗིད་ཉམས་ལྡན་ལ་འཁྲུག་ཆ་ཤིན་ཏུ་དོད་པ་ཞིག་ཡོད་པ་རེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་དཀྱིལ་དབུས་སུ་བཀལ་ཡོད་པ་དང་གཡས་གཡོན་གཉིས་སུ་དམར་མདངས་བཀྲ་བའི་དར་དམར་བསྒྲིགས་ཡོད་པ་རེད།

      རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་།  ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་དང་འབྲེལ་ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཨུ་ཡོན་2157ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་2133ཕེབས་ཡོད་པ་དེ་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

        ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད།  ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།

        དབང་དབྱང་གིས་གཙོ་གནད་ལས་དོན་ཁག་གསུམ་དང་ཕྱོགས་བདུན་གྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་སྤེལ་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མཐའ་འཁྱོངས་བྱེད་པ་དང་། རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐད་མཉམ་ཤུགས་འདོན་པ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་པ་དང་དར་སྲོལ་གསར་པ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

        དབང་དབྱང་གིས་2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡང་འཆར་རྒྱུ་རེད། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་ནན་ཏན་ཁུར་བ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གཉིས་ཀྱི་ཐད་ནུས་ཤུགས་འདོན་པའི་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་རེད་ཅེས་གསུངས་པ་རེད།

        དབང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ལ་བརྩིས་ཏེ་སློབ་སྦྱོང་གོང་བཀུར་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བཟུང་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ་དེ་དུས་རབས་གསར་པའི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པར་བརྩིས་ནས་གསར་གཏོད་གོང་བཀུར་དང་གསར་གཏོད་བྱེད་ཕོད་པ་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལག་ལེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ལ་བརྩིས་ཏེ་མཐུན་སྒྲིལ་གོང་བཀུར་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱས་ནས་བློ་སེམས་གཅིག་མཐུན་དང་བསྐྱར་དར་གྱི་བྱ་གཞག་ཆེན་པོ་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་སུའུ་ཧུའེ་ཡིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སྒྲོན་གནང་བ་རེད། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་པ་དང་། ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པར་དམིགས་ནས་ཚོགས་ཆེན་གྱི་གྲོས་གཞི་ཁག་5360དང་རྒྱུན་གཏན་གྱི་གྲོས་གཞི་ཁག་211ཕུལ་ཡོད་པ་རེད། གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་བླང་བྱ་གཞིར་བཟུང་། ཁྱོན་གྲོས་གཞི་ཁག་4567ཐོ་འགོད་བྱས་ཏེ་སྒྲུབ་གཉེར་ཚན་པ་165ལ་སྒྲུབ་གཉེར་བྱེད་རྒྱུར་ཕུལ་ཡོད་པ་རེད། 2019ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་99.2%སྒྲུབ་གཉེར་བྱས་པ་དང་བསྒྲུབས་ལན་བཏབ་ཡོད་པ་རེད། ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད། གྲོས་གཞིའི་འབྲས་བུ་བེད་སྤྱོད་ནུས་ལྡན་ཐུབ་ནས་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་དང་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)