རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-04   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཇོ་མོ་གླང་མའི་ལྷ་མོ་ཝུའུ་ཀྲེང་དུ་འཁྲབ་སྟོན་བྱས་པ་དང་། ཀྲེ་ཅང་ཝུའུ་ཀྲེང་གི་ཤིས་ཧྲིན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་དུ་ལྟད་མོ་བས་བོད་ལྗོངས་ཀྱི་ཤངས་པ་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས་པར་ལྟ་བཞིན་པ།
ཟླ་2ཚེས་28ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོ་ནས་བཟུང་། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3ཙམ་བཏང་ཟིན་ལ། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འབོར་ཆེན་ཞིག་ལ་ནུས་ལྡན་གྱི་སྲུང་སྐྱོང་ཐོབ་པ་དང་། རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཁ་གསབ་གྲོན་དངུལ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོ་ནས་2018ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.95སྤྲད་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་མྱུར་སྐྱོབ་ཐོ་འགོད་དང་དེ་བཞིན་ཁྲིད་སྦྱོང་སྤེལ་གསུམ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ་སོགས་ལ་སྤྱད་ཡོད་པས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་དེ་2018ལོའི་ལོ་རེར་སྒོར་ཁྲི་20ནས་ད་ལྟའི་ལོ་རེར་སྒོར་ཁྲི་1200བར་མཐོ་རུ་བཏང་བ་དང་། རིམ་རྩིས་བྱས་ན་མ་དངུལ་གཏོང་ཚད་སྒོར་ཁྲི་8000ལས་བརྒལ་ཡོད་པ་རེད། གྲོང་ཁྱེར་(ས་ཁུལ)དང་རྫོང་རིམ་པའི་ནོར་སྲིད་ཀྱིས་ཀྱང་ལོ་ལྟར་མ་དངུལ་མི་ཉུང་བ་ཞིག་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་སྤྱོད་པ་དང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་གསོན་ཤུགས་རྒྱས་བཞིན་ཡོད་པ་རེད།
བོད་ལྗོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཉིས་ཏེ་ལྷ་མོ་དང་། གླིང་སྒྲུང་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱབ་པ་དང་། རིམ་རྩིས་བྱས་ན་སྒོར་ཁྲི་1500ལྷག་ཙམ་བཏང་ནས། གཙོ་བོ་དམངས་ཁྲོད་ཀྱི་ལས་ཞོར་ལྷ་མོ་རུ་ཁག་དང་གླིང་སྒྲུང་སྒྱུ་རྩལ་བར་སྲུང་སྐྱོང་དང་རོགས་སྐྱོར་བྱེད་པའི་ལས་དོན་ཐད་སྤྱད་ཡོད་པ་རེད། དམངས་ཁྲོད་ལྷ་མོ་རུ་ཁག་དེ་སྔར་གྱི་རུ་ཁག་50ཡང་མ་ཟིན་པ་ནས་རུ་ཁག་140ལྷག་ཙམ་བར་འཕེལ་རྒྱས་ཕྱིན་པ་དང་། ལྷ་མོའི་སྒྱུ་རྩལ་པ་མི་གྲངས་3000ཙམ་ཟིན་ཡོད་ཅིང་། གླིང་སྒྲུང་ཤོད་མཁན་མི་གྲངས་100ཙམ་ཟིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཀོན་ཀྲང་ཨའོ་ཁྲོའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོན་དངུལ་མུ་མཐུད་བཏང་བར་བརྟེན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་འཚོ་བ་དང་འཁྲབ་སྟོན་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། 2016ལོ་ནས་བཟུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་རྒྱུན་འཛིན་པའི་གྲོན་དངུལ་ནི་སྔོན་གྱི་མི་རེར་ལོ་རེར་ཁ་གསབ་སྒོར་ཁྲི་1ཡོད་པ་ནས་སྒོར་ཁྲི་2བར་མཐོ་རུ་བཏང་ཡོད་ལ། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་རྒྱུན་འཛིན་པའི་ཁ་གསབ་གྲོན་དངུལ་དེ་མི་རེར་ལོ་རེར་སྒོར་5000ནས་སྒོར་ཁྲི་1བར་དུ་མཐོ་རུ་བཏང་ཡོད།
བོད་ལྗོངས་ནི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་ཆེན་ཞིག་ཡིན་པས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཕུན་སུམ་ཚོགས་ཅིང་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་རེད། མིག་སྔའི་བར། བོད་ལྗོངས་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་མི་96ཡོད་པ་དང་། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89ཡོད། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350ཡོད་པ་དང་། མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་460ཡོད། གྲོང་ཁྱེར་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ679ཡོད་པ་དང་། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་1851ཡོད་པ་རེད། གཞི་རྩའི་ཐོག་ནས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ་)རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་སྒྲུབ་ཡོད་པ་རེད།
ཀྲེ་ཅང་ཝུའུ་ཀྲེང་གི་ཤིས་ཧྲིན་མཛེས་ལྗོངས་ཁུལ་གྱི་ཨན་ཏུའུ་ཧྥང་གྲུ་ཁའི་ཐང་ཆེན་དུ་བོད་ལྗོངས་ཤངས་པ་ལྷ་མོ་རུ་ཁག་གིས་ལྷ་མོའི་འཁྲབ་གཞུང་དོན་ཡོད་དོན་གྲུབ་འཁྲབ་སྟོན་བྱེད་བཞིན་པ།
བོད་ལུགས་གསོ་རིག་གི་བོད་སྨན་ལུམས་བཅོས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྨི་འབྲུག་(གཡོན་གྱི་དང་པོ་)གིས་བོད་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དུ་དགེ་ཕྲུག་ལ་བོད་ལུགས་གསོ་རིག་གི་བོད་སྨན་ལུམས་བཅོས་ཀྱི་བརྒྱུད་རིམ་འགྲེལ་བཤད་རྒྱག་བཞིན་པ།