ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ།

རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་དང་། དུས་རབས་ཀྱི་འཕར་རྩ་སྟངས་འཛིན། དུས་རབས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ཏེ་བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་བ་དང་སྤྱོད་བཟང་ལ་བརྟེན་ནས་དར་སྲོལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-05   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།


         ཟླ་3ཚེས་4ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་སྦྲགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་དུས་རབས་གསར་པས་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་རེ་འབོད་བྱེད་ཀྱི་ཡོད་པས་རིག་རྩལ་གསར་རྩོམ་དང་། རིག་གཞུང་གསར་རྩོམ་ལ་ཧ་ཅང་ཆེ་བའི་བར་མཐོངས་ཡོད། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འཕར་རྩ་སྟངས་འཛིན། དུས་རབས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ཏེ་དུས་རབས་དང་གོམ་སྟབས་གཅིག་མཚུངས་སྤོ་བ་དང་། མི་དམངས་ལྟེ་བར་འཛིན་པ། བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་བ། སྤྱོད་བཟང་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་པར་ཕེབས་པ་དང་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།

        མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཐན་ཆིན་ཤིན་དང་། ཏེང་ཁྲུན་ཏུང་། ཁྲིན་ལི། ཝང་ཞུའེ་ཏན། ཝང་ཁྲུན་ཧྥ། ལི་ཏ་ཅིན། ཧྥེང་ཡོན་ཀྲེང་། ལི་ཆན་ཀོང་སོགས་ཨུ་ཡོན་བརྒྱད་ཀྱིས་རིག་རྩལ་གྱི་ཆུ་ཚད་གསར་པར་སླེབས་པ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་མ་ལག་སྐྲུན་མགྱོགས་སུ་གཏོང་བ། མི་དམངས་ཆེད་གསར་རྩོམ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ། རྟེན་རྫས་བཤམས་མཛོད་ཁང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྒྱུ་རྩལ་རྒྱུན་འཛིན་ལ་མཐོང་ཆེན་བྱེད་པ། རིག་རྩལ་བྱ་གཞག་རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་སྤེལ་བ་རེད།

        ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཨུ་ཡོན་ལ་ལྟ་བར་ཡོང་ནས་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འདི་གར་བཞུགས་པའི་ཨུ་ཡོན་རྣམ་པ་དང་། རྒྱ་ཆེའི་རིག་གནས་དང་རིག་རྩལ་ལས་དོན་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2018ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པས་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་ལུགས་མཐུན་ཁུལ་དུ་གནས་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་འགོ་ཡག་པོ་བཙུགས་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མ་ཡིན་པར་འདི་ནི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་། འདི་གར་བཞུགས་པའི་བློ་མཐུན་རྣམ་པ་ཚུད་པའི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སེམས་ནུས་དང་བློ་གྲོས་ཀྱང་གཅིག་ཏུ་འདུས་ཡོད།

        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་བླ་སྲོག་མེད་ན་མི་འགྲིག རིག་གནས་རིག་རྩལ་ལས་དོན་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ནི་རྩ་བ་འཛུགས་པ་དང་བླ་སྲོག་གཏོད་པའི་ལས་དོན་གྱི་ཁོངས་སུ་གཏོགས་པས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་གནས་བབ་བཟུང་ཡོད་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་ལྡན་ཡོད། ཏང་ཀྲུང་དབྱང་གིས་རིག་གནས་དང་རིག་རྩལ་བྱ་གཞག་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ཤས་རིང་། རིག་གནས་རིག་རྩལ་ལས་རིགས་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས་ཁ་ཕྱོགས་གསལ་སྟོན་དང་སྟོན་ཕྱོགས་ཡང་དག་ཐུབ་པ་བྱེད་པ་དང་། སྤྱོད་ཚུལ་སྒྱུར་བ་དང་སྲོལ་གསར་གཏོད་པ། ཕུལ་བྱུང་བརྩམས་ཆོས་འདོན་པ་དང་ཤེས་ལྡན་པ་གསོ་སྐྱོང་བཅས་བྱས་ཏེ་རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་མ་བཟོ་བའི་ཐད་འགན་འཁྲི་འཁུར་སེམས་གསར་པ་མངོན་པ་དང་། རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་ཐད་བྱ་སྤྱོད་གསར་པ་སྤེལ་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་དེ་བས་སྲ་བརྟན་དུ་གཏོང་བ་དང་། མི་དམངས་ཆེད་གསར་རྩོམ་བྱེད་པའི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་དུ་གཏོང་བ། རིག་གནས་དང་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེའི་ཐད་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ལས་དོན་འབོར་ཆེན་བསྒྲུབས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་དང་གོམ་སྟབས་གཅིག་མཚུངས་སྤོ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཚང་མས་དུས་རབས་གསར་པ་ཟིན་ཐོ་འགོད་པ་དང་། དུས་རབས་གསར་པའི་ལེའུ་རྩོམ་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱི་འགན་འཁྲི་ཁུར་ནས་དུས་རབས་ཀྱི་ཞིབ་འཇུག་བྱེད་གཞིར་ལན་འདེབས་ཕོད་པ་དང་། དེང་རབས་ཀྲུང་གོའི་རླབས་ཆེའི་གསར་སྐྲུན་ཁྲོད་ནས་གསར་རྩོམ་གྱི་བརྗོད་དོན་གཙོ་བོ་ཤེས་རྟོགས་དང་གསར་རྩོམ་གྱི་རིག་ཀློང་འཚོལ་ཞིབ་བྱེད་པ། ང་ཚོའི་དུས་རབས་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་གཏིང་ཟབ་མཚོན་པར་བྱེད་པ། ང་ཚོའི་དུས་རབས་འདིའི་སྙིང་སྟོབས་ཀྱི་འཆར་གཞི་འདིང་བ་བཅས་བྱས་ཏེ་དུས་རབས་ཆེད་གཟུགས་བརྙན་གཏོད་པ་དང་། དུས་རབས་ཆེད་ལོ་རྒྱུས་འབྲི་བ། དུས་རབས་ཆེད་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱེད་རྒྱུའི་རེ་བ་ཡོད།

        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲུབ་འབྲས་མཐའ་དག་མི་དམངས་ལ་བརྟེན་ནས་བྱུང་བ་དང་གཟི་བརྗིད་ཚང་མ་མི་དམངས་ལ་དབང་བ་ཡིན། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་བདེ་བླག་མངོན་འགྱུར་བྱེད་པར། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་མི་དམངས་དུང་ཕྱུར་14ཡི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་འཕེལ་བར་བྱེད་དགོས། རྩོམ་རིག་སྒྱུ་རྩལ་གསར་རྩོམ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་པར་དང་ཐོག་སུའི་ཆེད་དུ་གསར་རྩོམ་དང་སུའི་ཆེད་དུ་གསར་དུ་འབྲི་བའི་གནད་དོན་གསལ་པོ་ཤེས་པ་བྱེད་དགོས། འདི་ནི་རྩ་བའི་གནད་དོན་ཞིག་རེད། མི་དམངས་ནི་གསར་རྩོམ་གྱི་འབྱུང་རྩ་ཡིན་པས། མི་དམངས་ཁྲོད་རྩ་བ་ཚུགས་ན་གསར་རྩོམ་ལ་གཞི་ནས་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པའི་སྟོབས་ཤུགས་འབྱུང་སྲིད། རིག་གནས་དང་རིག་རྩལ་ལས་དོན་པས་ལག་ལེན་ཁྲོད་གཏིང་ཟབ་ཞུགས་ནས་མི་དམངས་ཀྱི་འཚོ་བར་ལྟ་རྟོག་བྱེད་པ་དང་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱས་ཏེ་རིག་པ་སྒྲིམ་པ་དང་། བརྩེ་སེམས་འཆང་བ། འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་ཀྱི་འཚོ་བའི་གནས་ཚུལ་མཚོན་པར་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་སྐོར་འབྲི་བ། མི་དམངས་ལ་བསྟོད་གླུ་འབུལ་བ་བཅས་ཧུར་ཐག་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་མང་ཙམ་བསྐྱོད་དེ་མི་སེར་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་མང་ཚོགས་ཀྱི་བསམ་ཚུལ་ཁོང་དུ་ཆུད་པ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་དོགས་གཞི་སེལ་བ་དང་གནས་ལུགས་གསལ་བཤད་བྱས་ཏེ་ཤེས་བྱ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་རྒྱུ་མཐའ་འཁྱོངས་བྱེད་དགོས། རིན་ཐང་དང་དོན་སྙིང་ལྡན་པའི་རིག་རྩལ་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་མཐའ་དག་གིས་དོན་དངོས་མཚོན་པ་དང་དོན་དངོས་ལ་ཞིབ་རྟོགས་བྱེད་དགོས། དེ་དག་ཚང་མ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་དངོས་ཡོད་ཀྱི་ཞིབ་འཇུག་བྱེད་གཞིར་ལན་འདེབས་རྒྱུར་ཕན་པ་ཡོད། ཚང་མས་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ་དང་ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་ཏེ་དེང་དུས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་དང་དེང་དུས་ཀྲུང་གོ་བའི་ངོ་མཚར་ཆེ་བའི་འཚོ་བ་ཡག་པོ་མངོན་པར་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ལ་འཆད་འགྲེལ་ཡག་པོ་བྱེད་དགོས། རིག་རྩལ་གསར་རྩོམ་བྱེད་སྐབས་རང་ཡུལ་ལ་གཞི་ཚུགས་པ་དང་དུས་རབས་ལ་རྩ་བ་བརྟན་པོ་འཛུགས་རྒྱུ་རྨང་གཞིར་བྱས་ཏེ་བརྩམས་ཆོས་ཀྱི་བསམ་བློའི་མཐོ་ཚད་མཐོ་རུ་དང་། རིག་གནས་ཀྱི་ནང་དོན་ཟབ་ཏུ་དང་སྒྱུ་རྩལ་གྱི་རིན་ཐང་ཆེ་རུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ལ་གཞི་ཚུགས་ནས་རང་བརྟེན་རང་བཞིན་དང་ཐུན་མོང་མ་ཡིན་པའི་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་འདོན་དགོས།

        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། སྤྱོད་བཟང་ལ་བརྟེན་ནས་སྲོལ་གསར་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རིག་གནས་དང་རིག་རྩལ་ལས་དོན་པ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་བློ་སྒོ་འབྱེད་པ་དང་། གཤིས་བཟང་འཇགས་པ། སེམས་ཁམས་གསོ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་ལ། རིག་གནས་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་། རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བ། རིག་གནས་ལ་བརྟེན་ནས་རྩ་བ་སྐྱོང་བ་བཅས་ཀྱི་འགན་འཁྲི་ཡང་ཁུར་ཡོད། ཚང་མས་ཕུགས་བསམ་ཆེན་པོ་དང་། ཀུན་སྤྱོད་བཟང་པོ། བླ་ན་མེད་པའི་གཤིས་བཟང་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ལ་མིག་དཔེ་འདོན་དགོས། དད་སེམས་ཡོད་པ་དང་། བརྩེ་སེམས་ཡོད་པ། འགན་འཁུར་བ་བཅས་ཀྱི་ཐོག་ནས་ཕུགས་བསམ་ཆེན་པོ་དོན་གཉེར་དང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་འཆང་བའི་བསམ་བློ་བརྟན་དུ་བཏང་ནས་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ལ་ལེགས་སྐྱེས་འབུལ་བའི་སྒྱུ་རྩལ་མཁས་ཅན་དང་ཡོན་ཏན་ཅན་ཞིག་ཧུར་ཐག་བྱེད་དགོས། བླ་ན་མེད་པའི་ལས་རིགས་ཀྱི་ཀུན་སྤྱོད་བསྲུངས་ཏེ་དཀའ་སྤྱད་འབད་བརྩོན་མང་ཙམ་བྱེད་པ་དང་རྩལ་ནུས་དངོས་མང་ཙམ་སྦྱངས་ནས་ལས་ལ་བརྩོན་ཞིང་ལས་སྒོ་བྱང་ཆུབ་པ་ཞིག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ནས་རང་བརྩི་རང་བཀུར་དང་། རང་གཅེས་བྱེད་པ་དང་ཆབས་ཅིག་གཤིས་རྒྱུད་དང་། སྤྱོད་ལམ། འགན་འཁྲི་བཅས་ལ་སྣང་ཆེན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་རང་རེའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡིན་ནའང་འདྲ་ཡང་ན་འཛམ་གླིང་གི་ལོ་རྒྱུས་གང་ཞིག་ཡིན་རུང་། འདི་ནི་གནམ་ས་འགུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། ཚང་མས་ལོ་70ཡི་རིང་གི་ཏང་དང་མི་དམངས་ཀྱི་འབད་འཐབ་ཀྱི་ལག་ལེན་གཏིང་ཟབ་མཚོན་པར་བྱེད་པ་དང་། ཀྲུང་གོ་གསར་པའི་ལོ་70ཡི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་གནས་པའི་གཏན་ཚིགས་གསལ་འགྲེལ་གཏིང་ཟབ་བྱེད་པ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱབ་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་ལེགས་ཆ་གསལ་པོ་ཤོད་པ། ཀྲུང་གོའི་རིགས་པའི་གཞུང་ལུགས་གང་ལེགས་སྤྱད་ནས་ཀྲུང་གོའི་ལག་ལེན་གསལ་འགྲེལ་བྱེད་པ་བཅས་བྱས་ཏེ་ཏང་དང་མི་དམངས་མུ་མཐུད་མདུན་སྐྱོད་བྱ་ཆེད་བསམ་པའི་ལྕག་སྐུལ་ཆེན་པོ་བྱེད་དགོས།

        ཞི་ཅིན་ཕིང་གིས་མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་ཐུན་མོང་གི་ངོས་འཛིན་ནི་འབད་བརྩོན་གྱི་སྒུལ་ཤུགས་ཡིན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མི་རིགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ལ་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཡོང་བ་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་དགོས། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་གཙང་སྒྲུབ་བྱ་རྒྱུར་གཞོལ་བ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་རྒྱུན་ཆད་མེད་པར་རང་ངོས་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་དང་ཕྱོགས་གང་སར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲིར་ངོ་མི་གནོང་བ་བྱེད་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།