རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-05   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
འཛམ་གླིང་འབྲས་སྐྲན་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་དང་ཨ་མེ་རི་ཁའི་འབྲས་སྐྲན་ཞིབ་འཇུག་སའོ་ཡིས་ཉེ་སྔོན་མཉམ་དུ《བཟའ་བཏུང་དང་འཚོ་བཅུད།ལུས་ཕུང་སྦྱོང་རྡར་བཅས་དང་འབྲས་སྐྲན་སྔོན་འགོག་ཐད་ཀྱི་འཛམ་གླིང་ཡོངས་ཀྱི་སྙན་ཞུ》ཐེངས་གསུམ་པ་ཁྱབ་བསྒྲགས་བྱས།ཐེངས་དང་པོ་དང་གཉིས་པ་སོ་སོར1997ལོ་དང2007ལོར་ཁྱབ་བསྒྲགས་བྱས་པ་ཡིན་ལ།སྙན་ཞུ་དེ་ཕལ་ཆེར་ལོ་བཅུའི་ནང་ཁྱབ་བསྒྲགས་ཐེངས་གཅིག་བྱེད་ཀྱིན་ཡོད།
ཆེས་གསར་པའི་སྙན་ཞུ་དེ་ནི་ཞིབ་འཇུག་པ་མང་པོས་ཞིབ་འཇུག་མང་པོ་བྱས་པའི་མཇུག་འབྲས་ལས་གྲུབ་པ་ཡིན་ལ།ཚོད་ཞུགས་མི་སྣ་ཁྲི5100(དེའི་ནང་དུ་འབྲས་སྐྲན་བྱུང་བའི་ནད་པ་ཁྲི350ཡོད)དང་འབྲེལ་ཡོད། ཆེད་མཁས་པས་བཤད་པ་ལྟར་ན།གལ་ཏེ་མི་རྣམས་ཀྱིས་འཚོ་བ་རོལ་སྟངས་བསྒྱུར་ཏེ།འབྲས་སྐྲན་གྱི་འབྱུང་རྐྱེན་འདི་དག་དང་གཡོལ་ཐུབ་ན།30%ནས50%ཡི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་པ་རེད།
ལུས་པོ་ལྗིད་དྲགས་པ་དང་ཚོ་དྲགས་པ།
《སྙན་ཞུ》ནང་བསྟན་དོན།ལུས་པོ་ཚོ་དྲགས་ན་ཆེས་ཉུང་མཐའ་ཡང་འབྲས་སྐྲན་ནད་རིགས10འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་སྟེ།དཔེར་ན་མིད་པའི་འབྲས་སྐྲན་དང་ཕོ་བའི་འབྲས་སྐྲན།མཆིན་པའི་འབྲས་སྐྲན།མཁལ་མའི་འབྲས་སྐྲན།རྒྱུ་མའི་འབྲས་སྐྲན།བསམ་སེའུ་འབྲས་སྐྲན་སོགས་འབྲས་སྐྲན་གྱི་རིགས་མང་པོ་ཞིག་ལུས་པོར་ཚོ་རྒྱས་པ་དང་འབྲེལ་བ་དམ་པོ་ཡོད་མོད།འོན་ཀྱང་ནུ་མའི་འབྲས་སྐྲན་གྱི་འབྱུང་ཚད་ནི་དེ་དག་དང་ཅུང་ཙམ་མི་མཐུན་པ་རེད།ཞིབ་འཇུག་ལས་མངོན་པ་ལྟར་ན།ཨ་མའི་མངལ་ལས་སྐྱེས་དུས་ལུས་པོའི་ལྗིད་ཚད་ཇི་ལྟར་མཐོ་ན།ནུ་མའི་འབྲས་སྐྲན་འབྱུང་བའི་ཚད་དེ་ལྟར་མཐོ་ལ།ན་གཞོན་གྱི་སྐབས་སུ(ལོ18ནས30བར)ལུས་པོར་ཚོ་ཅུང་ཙམ་རྒྱས་ན་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ལས་ལྡོག་སྟེ་ཇེ་དམའ་རུ་འགྲོ་བ་རེད།
ཀྲུང་གོ་ཞིང་ལས་སློབ་ཆེན་བཟའ་བཏུང་ཚན་རིག་དང་འཚོ་བཅུད་བཟོ་འགོད་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྥན་ཀྲི་ཧང་གིས་བཤད་རྒྱུར།ཞིབ་འཇུག་འདིའི་མཇུག་འབྲས་ནི་གནས་ལུགས་དང་མཐུན་པ་ཞིག་རེད།ལུས་པོའི་ལྗིད་ཚད་ཀྱིས་མོ་སྐུལ་རྩིའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་པ་དང་།མོ་གཤིས་སྐུལ་རྒྱུ་ནི་ནུ་མའི་འབྲས་སྐྲན་དང་འབྲེལ་བ་དམ་པོ་ཡོད།མོས་ན་གཞོན་བུད་མེད་རྣམས་ལ་དྲན་སྐུལ་བྱས་པ་སྟེ།ན་གཞོན་གྱི་སྐབས་སུ་འཚོ་བཅུད་ཀྱིས་མ་འདང་ན་བརྗེ་ཚབ་འཁྲུགས་པའི་མཇུག་འབྲས་ངན་པ་འབྱུང་ངེས་པས།རྨོངས་ཚོད་ཀྱིས་ཚོ་བྱང་དུ་འཇུག་མི་རུང་ལ།ནུ་མའི་འབྲས་སྐྲན་འགོག་ཆེད་ཚོ་རྒྱས་སུའང་འཇུག་མི་རུང་།ལུས་པོ་ཚོ་དྲགས་ནའང་དེ་བཞིན་དུ་བདེ་ཐང་ཐད་ཀྱི་གནད་དོན་གཞན་པ་འབྱུང་ངེས་པས།བུད་མེད་རྣམས་ཀྱིས་རྒྱུན་ལྡན་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས་སོ། །
ཆང་འཐུང་བ།
ཁ་སྦུག་གི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན།ཕོ་བའི་འབྲས་སྐྲན།མཆིན་པའི་འབྲས་སྐྲན།རྒྱུ་མའི་འབྲས་སྐྲན།ནུ་མའི་འབྲས་སྐྲན་སོགས་འབྲས་སྐྲན་རིགས6གི་འབྱུང་རྐྱེན་ནི་ཆང་འཐུང་བ་དང་འབྲེལ་བ་དམ་པོ་ཡོད།ཝུ་ཆང་དང་རྒུན་ཆང་།ཆང་དཀར་སོགས་དང་གཞན་ད་རུང་ཆང་བཅུད་འདུས་པའི་སྐོམ་ཆུ་གང་ཞིག་ཡིན་རུང་འབྲས་སྐྲན་འབྱུང་བར་ཐེབས་པའི་ཤུགས་རྐྱེན་ནི་གཅིག་མཚུངས་ཡིན།མི་ཁ་ཤས་ཤིག་གིས་ཉིན་རེར་ཆང་ཉུང་ཙམ་རྒྱུན་མ་ཆད་པར་འཐུང་ན་མཁམ་མའི་འབྲས་སྐྲན་འབྱུང་བའི་ཚད་ཇེ་དམའ་རུ་འགྲོ་བར་བཤད་མོད།འོན་ཀྱང་པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་གཅིན་ཟགས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་གིས་དེ་ཁས་མི་ལེན་པ་རེད།ཁོས་བཤད་རྒྱུར།ནད་ཐོག་ལག་ལེན་ཁྲོད་ཆང་འཐུང་ན་མཁའ་མའི་འབྲས་སྐྲན་འགོག་ཐུབ་པའི་གནས་ཚུལ་དང་འཕྲད་མ་མྱོང་ལ།དེ་ལས་ལྡོག་སྟེ་ཆང་བཅུད་ཀྱི་གཅིན་འབེབ་བྱེད་ནུས་ཀྱིས་མཁལ་མས་རྒྱུན་ལྡན་ངང་ལུས་གཤེར་འཁོར་རྒྱུག་བྱེད་དུ་འཇུག་པར་ཤུགས་རྐྱེན་བཟོས་ཏེ།ལུས་སྟེང་གི་གློག་འབྱེད་རྫས་དོ་མཉམ་ཡོང་བར་གནོད་འཚེ་ཐེབས་པ་རེད།དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཆང་མི་འཐུང་བ་དང་ཡང་ན་ཉུང་འཐུང་བྱེད་རྒྱུ་ནི་གལ་ཆེའོ། །
ལས་སྣོན་བྱས་པའི་ཤ་བཟའ་བ།
“ཀོང་ཏུང་གི་ཉ་ཚྭ་བྲོ”ནི《སྙན་ཞུ》ནང་སྣ་གྲེ་འབྲས་སྐྲན་གྱི་འབྱུང་རྐྱེན་དང་འབྲེལ་བ་དམ་པོ་ཡོད་པར་བཤད་ཡོད་པ་བཞིན།ཕག་ཤ་བསྙལ་མ་དང་ཕག་ཤའི་ཤ་རྒྱུ་སོགས་ནི་རྒྱུ་མའི་འབྲས་སྐྲན་དང་ཕོ་བའི་འབྲས་སྐྲན།གཤེར་མའི་འབྲས་སྐྲན་སོགས་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་ཡོད།དེ་བས་ལས་སྣོན་བྱས་ཡོད་པའི་ཤའི་རིགས་ཆེས་བཟང་ན་མི་བཟའ་བ་དང་ཡང་ན་ཉུང་བཟའ་བྱེད་དགོས།དེ་ལས་གཞན་ད་རུང་ཤ་གཙང་མའི་རིགས(སྐམས་ཤ་དང་ལུག་ཤ་ལྟ་བུ)ཀྱིས་ཀྱང་ཕོ་བ་དང་རྒྱུ་མའི་འབྲས་སྐྲན་གྱི་འབྱུང་ཚད་ཇེ་མཐོར་གཏོང་ངེས་པས།ཉིན་རེར་ཤའི་རིགས་ཁེ75ཡན་བཟའ་མི་རུང་ལ།ཤའི་རིགས་ཀྱི་བཟའ་ཚད་ཇེ་ཉུང་དུ་བཏང་ནས།སྒོ་ངའི་རིགས་དང་ཆུ་ཐོན་དངོས་པོའི་རིགས་ཟོས་ཏེ་སྤྲི་དཀར་ཁ་སྣོན་བྱེད་ཆོག
ཁ་གསབ་རྫས་བཟའ་བ།
《སྙན་ཞུ》ནང་བསྟན་དོན།ཉིན་རེར་ཐ་མག་རྐང20ཡན་འཐེན་པའི་མིས་གལ་ཏེ་ལ་སེར་གྱི་བཅུད་ཁ་སྣོན་བྱས་ན།གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ25%ཇེ་མཐོར་གཏོང་ཐུབ་པ་དང་།ཉིན་རེར་ཆང་བཅུད་ཁེ11ཡན་འཐུང་བའི་མིས་གལ་ཏེ་ལ་སེར་གྱི་བཅུད་ཁ་གསབ་བྱས་ན།གློ་བའི་འབྲས་སྐྲན་འབྱུང་བའི་ཚད་ཇེ་མཐོར་འགྲོ་བ་རེད།ཞིབ་འཇུག་དེ་ལས་ང་ཚོས་ཤེས་པ་ནི།དམིགས་བསལ་མི་ཚོགས་ལ་ལ་སེར་གྱི་བཅུད་ཁ་གསབ་བརྒྱབ་ན་ཕན་པ་མེད་པའི་ཁར།ད་རུང་འབྲས་སྐྲན་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།མདོག་རྒྱུ་ནག་པོའི་སྐྲན་གྱི་འབྱུང་རྐྱེན་ཡང་ཁ་གསབ་རྫས་ལ་འབྲེལ་བ་ཡོད་པ་རེད།
ཧྥན་ཀྲི་ཧང་གིས་གསར་འགོད་པར་བཤད་རྒྱུར།ལ་སེར་གྱི་བཅུད་འཐུང་ན་འབྲས་སྐྲན་འབྱུང་བའམ་ཡང་ན་སྔོན་འགོག་བྱེད་པའི་ཐད་བཤད་ཚུལ་མི་མཐུན་པ་མང་པོ་ཡོད།ཕྱོགས་གཅིག་ནས་བཤད་ན།ལ་སེར་གྱི་བཅུད་ནི་དབྱང་འགྱུར་རྫས་འགོག་ཡིན་པས།རང་དབང་རྨང་གིས་ཕྲ་ཕུང་ལ་གནོད་འཚེ་ཐེབས་ཚད་ཇེ་ཉུང་དུ་བཏང་སྟེ།འབྲས་སྐྲན་སྔོན་འགོག་བྱེད་ཐུབ་པ་དང་།ཡང་ཕྱོགས་གཞན་ཞིག་ནས་བཤད་ན།ལ་སེར་གྱི་བཅུད་འཐུང་ན་པགས་པའི་འབྲས་སྐྲན་སོགས་ནད་རིགས་ཁ་ཤས་འབྱུང་ཚད་ཇེ་མཐོར་གཏོང་བ་ཞིབ་འཇུག་ལས་གསལ་པོར་བསྟན་ཡོད།དེ་བས་མི་རྣམས་ཀྱིས་ཁ་གསབ་རྫས་བསྟེན་སྐབས་མཉམ་འཇོག་བྱེད་དགོས་པ་དང་།ཟས་རིགས་ཀྱིས་ལུས་ཕུང་གསོ་བ་ནི་སྨན་རྫས་ཀྱིས་གསོ་བ་ལས་ལྡབ་འགྱུར་གྱིས་བཟང་བ་ཤེས་དགོས།སྤྱིར་སྔོ་ཚོད་སོགས་རང་བྱུང་ཟས་རིགས་ཁྲོད་ལ་སེར་གྱི་བཅུད་མང་པོ་འདུས་པས།སྨན་འཐུང་ནས་ཁ་སྣོན་བྱེད་དགོས་དོན་གཏན་ནས་མེད་དོ། །
སེན་འདུས་པའི་ཆུ་འཐུང་བ།
《སྙན་ཞུ》ནང་བསྟན་དོན།དུས་ཡུན་རིང་པོར་སེན་འདུས་པའི་ཆུ་འཐུང་བའམ་ཡང་ན་ཆུ་དེའི་རིགས་བཀོལ་སྤྱོད་བྱས་ན།གློ་བའི་འབྲས་སྐྲན་དང་མཆིན་པའི་འབྲས་སྐྲན།པགས་པའི་འབྲས་སྐྲན།ལྒང་བུའི་འབྲས་སྐྲན་སོགས་འབྱུང་བའི་ཉེན་ཁ་ཆེན་པོ་ལྡན།སེན་ནི་ལྕགས་རིགས་ཀྱི་མ་རྒྱུ་ཞིག་ཡིན་ལ།དེའི་དབྱང་འགྱུར་རྫས་ནི་ཀུན་ལ་ཆ་རྒྱུས་ཡོད་པའི་དུག་ཆེེན(砒霜)ཡིན།དེང་སྐབས་རྒྱལ་ཁབ་མང་པོ་ཞིག་སེན་གྱི་སྦགས་བཙོག་ཐེབས་པའི་གནད་དོན་དང་འཕྲད་ཡོད།ཨ་མེ་རི་ཁའི《ཚན་རིག》དུས་དེབ་སྟེང“ཀྲུང་གོའི་ས་འོག་གི་ཆུ་ལ་སེན་གྱི་སྦགས་བཙོག་ཐེབས་པའི་གནས་ཚུལ”བཀོད་ཡོད།དེའི་ནང་དུ་ཞིན་ཅང་དང་ནང་སོག ཧྲན་ཞི་སོགས་ཀྱི་ས་ཆ་ནི་སྦགས་བཙོག་ཐེབས་ཚད་ཆེས་མཐོ་ས་ཡིན།ལྟོས་བཅས་ཀྱིས་བཤད་ན།རང་རྒྱལ་གྲོང་ཁྱེར་གྱི་འཐུང་ཆུ་ལ་སེན་གྱི་སྦགས་བཙོག་ཐེབས་ཚད་ཉུང་མོད།འོན་ཀྱང་རྒྱ་ཆེའི་ཞིང་སྡེ་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས།ཞིང་སྡེ་ས་ཁུལ་གྱིས་ལུགས་མཐུན་མིན་པའི་སྒོ་ནས་ཞིང་ནང་དུ་རྫས་ལུད་གཏོར་བའི་དབང་གིས་ས་གཞི་ལ་སྦགས་བཙོག་ཐེབས་པ་དང་དེ་ནས་ས་འོག་གི་ཆུ་ལ་སྦགས་བཙོག་ཐེབས་པ་རེད།
ཐ་མག་འཐེན་པ།
《སྙན་ཞུ》ནང་བསྟན་དོན།ཐ་མག་འཐེན་པ་ནི་ཕལ་ཆེར་འབྲས་སྐྲན་ཡོངས་ཀྱི་འབྱུང་རྐྱེན་དུ་གྱུར་ཡོད།ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོའི་སྐྲན་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝང་ཅན་ཧྲིན་གྱིས་བཤད་རྒྱུར།ཐ་མག་འཐེན་པ་ཡིས་ལུས་པོར་ཐེབས་པའི་གནོད་འཚེ་ནི་ཧ་ཅང་མངོན་གསལ་རེད།དེས་ཐད་ཀར་དང་ཡང་ན་གཞན་བརྒྱུད་ཀྱི་སྒོ་ནས་ཕྲ་ཕུང་ལ་གློ་བུར་འགྱུར་ལྡོག་བཟོས་པས།འབྲས་སྐྲན་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་བཏང་བ་རེད།ཐ་མག་བཅད་ན་ད་རུང་སྙིང་ནད་དང་ཀླད་པའི་གཟའ་གྲིབ་སོགས་ཀྱི་ནད་འབྱུང་བའི་ཉེན་ཁའང་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བ་ཡིན་ནོ། །