ནགས་ཚལ་གྱི་རིན་ཐང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-07   རྩོམ་ཁུངས།    མཚོ་སྔོན་པོའི་དྲ་བ།


        ནགས་ཚལ་ལ་གཞན་གྱིས་འགྲན་ཟླ་མེད་པའི་རིན་ཐང་ཡོད།  ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་སློབ་དཔོན་ཆེན་མོ་ཞིག་གིས་ཞིབ་འཇུག་གནང་བ་ལྟར་ན། སྐྱེས་ནས་ལོ་ལྔ་བཅུ་འགོར་བའི་སྡོང་བོ་ཞིག་ལ་མཚོན་ན་དེ་བཅད་ནས་སྡོང་ཚོང་བརྒྱབ་ན་རིན་གོང་ཆེས་མང་ན་མེ་སྒོར300མིན་མི་ཁུག   འོན་ཀྱང་ལོ་ལྔ་བཅུ་རིང་སྐྱེས་པའི་སྡོང་བོ་དེས་མིའི་རིགས་དང་སྐྱེ་དངོས་མཐའ་དག་ལ་མཁོ་བའི་དབྱང་དབུགས་མཁོ་སྤྲོད་བྱས་པའི་རིན་གོང་མེ་སྒོར31250ཡིན་པ་དང་།  སྒོང་སྤྲིས་དཀར་པོ་མཁོ་སྤྲོད་བྱས་པའི་རིན་གོང་མེ་སྒོར2500དང་། མཁའ་དབུགས་དྭངས་ཤིང་གཙང་མ་བྱས་པའི་རིན་གོང་མེ་སྒོར62500  ཆུ་བསགས་པའི་རིན་གོང་མེ་སྒོར31250  སྲོག་ཆགས་རིགས་དང་ནང་སྒོས་སུ་འདབ་ཆགས་རིགས་ལ་གནས་ཚང་བཅོས་པའི་རིན་གོང་མེ་སྒོར31250ཡིན།

        རིན་གོང་དེ་དག་གི་ཁ་གྲངས་སྤྱི་སྡོམ་བྱས་ནས་རྩིས་ན་སྡོང་བོ་དེའི་རིན་ཐང་ནི་མེ་སྒོར300མིན་ལ་མེ་སྒོར་ཁྲི20ཡིན་ནོ། །དེ་ལས་ང་ཚོས་ནགས་ཚལ་གྱི་རིན་ཐང་ཤེས་ཐུབ།  ཤིང་ཆ་དང་བུད་ཤིང་།  སྡོང་ཚོང་ཁོ་ནའི་དོན་དུ་སྡོང་བོ་བཅད་ན་སྡོང་བོའི་རིན་ཐང་ཉུང་ཤོས་ཙམ་མ་གཏོགས་བེད་སྤྱོད་བྱེད་མི་ཐུབ། དོན་དམ་པར་ནགས་ཚལ་ལ་གཞལ་དུ་མེད་པའི་རིན་ཐང་ལྡན་པས་ནགས་ཚལ་གྱི་རིན་ཐང་ནི་དངུལ་སྒོར་གྱིས་ཁུག་པ་ཞིག་ག་ནས་ཡིན། ནགས་ཚལ་གྱིས་མིའི་རིགས་ལ་ཕན་ཐོགས་ཚུལ་ད་དུང་དེ་ལས་མང་།  དཔེར་ན་ནགས་ཚལ་ནི་ཧ་ཅང་མཐུག་པའི་གྱང་དང་འདྲ་བར།  བྱེ་རླུང་བཀག་ནས་ལོ་ཏོག་དང་སྤང་ལྗོངས།  བཞུར་ཆུ། གངས་རི་སོགས་མིའི་རིགས་ཀྱིས་འཚོ་གནས་བསྟེན་པའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་ཀྱིན་ཡོད།

        ལྗོན་ཤིང་གི་ཡལ་ག་དང་ཐང་ལ་ལྷུང་བའི་ལོ་མ་སྐམ་པོ་སོགས་ཀྱིས་ཆར་ཆུ་མང་ཆེ་བ་འཛིན་སྲུང་ཐུབ་པས་ནགས་ཚལ་ཡོད་སར་ཆུ་ལོག་བྱུང་བ་ཉུང་། སྟག་པ་དང་ཚེར་ཤུག གསོམ་སྡོང་སོགས་ལས་ཟགས་ཐོན་བྱས་པའི་ཁུ་བར་གནོད་འབུ་གསོད་པའི་ནུས་པ་ཡོད་པས་ང་ཚོས་མདོ་དབུས་མཐོ་སྒང་གི་ནགས་ཚལ་ལ་གཅེས་སྐྱོང་གང་ལེགས་བྱེད་དགོས།