རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
པགས་ནད་ཤ་བཀྲའི་དབྱེ་བ་ལ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་ནི་ཤ་བཀྲ་ཆུ་དང་ནི། ། ཡོངས་སུ་འཛག་པ་ཞེས་བྱར་བཤད། ། ནད་གཞི་གསུམ་ལ་བརྟེན་ཞིང་འབྱུང་། ། རླུང་ལས་རྩུབ་ཅིང་སྨུག་པ་ཡིན། ། མཁྲིས་གྱུར་པདྨའི་འདབ་ལྟར་དམར། ། ཚ་ཞིང་བ་སྤུ་འབྱི་བར་བྱེད། །བད་ཀན་ལས་སྐྱ་སྟུག་ཅིང་ལྕི། ། གཡའ་བཅས་རིམ་བཞིན་ཁྲག་དང་ནི། ། ཞེས་གསུངས་པ་ལྟར་རོ། ། གཙང་སྟོད་ཟིན་ཏིག་དང་ཡང་ཐིག ཤ་ཁྲ་གསོ་བ།དྲང་སྲོང་རྒྱུན་ཤེས་ལ་ཕྱག་འཚལ་ལོ། ། ཤ་ཁྲའི་རྟགས་དང་གསོ་བ་བསྟན། ། དཀར་དམར་སྔོ་ཁྲ་གང་འདུག་ཀྱང་། །ནང་རྩུབ་ཕྱི་ནས་འཇམ་པ་དང་། །འཕྲུག་ན་གློག་པ་འབྱུང་བ་ནི། །ཉེས་གསུམ་ཁྲག་དང་ཆུ་སེར་གྱིས། །གང་སྐྱེད་འཕེལ་བའི་ཚུལ་ལས་ཤེས། ། ཞེས་དང་། ནམ་མཁའ་སེང་གེའི་སྨན་རྩིས་ལས། པགས་ནད་ཀྱི་རྟགས།པགས་ནད་ཤ་བཀྲ་གླང་ཤུ་འཛེར་བ་དང་། །ཟ་རྐོང་ཤུ་བ་སྲིན་ཐོར་ངོ་ཤིག་དང་། ། ཁབས་དང་ཁྱེ་མ་རྣམས་ལས་ཤ་བཀྲ་ནི། །པགས་པའི་མདོག་འགྱུར་ཁྲ་བོ་སོང་བ་སྟེ། ། རླུང་གྱུར་སྨུག་ནག་རྩུབ་ལ་མཁྲིས་གྱུར་ནི། ། བ་སྤུ་འབྱི་ཞིང་དམར་ལ་ཚ་འབྲབ་བྱེད། །བད་ཀན་ལས་གྱུར་གཡའ་ཞིང་སྐྱ་ལ་མཐུག ། ཅེས་དང་། སྨན་སྦྱོར་གཅེས་བསྡུས་སྙིང་ནོར་ལས། པགས་ནད་གསོ་བ་ལས། གདོང་གི་ཤ་བཀྲ་སོགས་ཀྱི་སྨན། །ཉུང་དཀར་ཐང་ཕྲོམ་ཤུ་དག་དང་། །རྒྱ་ཚ་དང་སྦྱར་ལྡེ་གུ་ཡིས། །གདོང་བ་བཀྲུས་ནས་བྱུག་པ་ན། །ཐོར་བ་ཤུ་བ་འབྲུམ་བུ་དང་། །ངོ་ཤིག་ལ་སོགས་སྐྱོན་རྣམས་སེལ། ངོ་མདོག་པདྨ་རྒྱས་འདྲའོ། །ཞེས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ལེའུ་བཅུ་བཞི་པ་མཛེ་ནད་དང་ཤ་བཀྲ་སོགས་ཀྱི་ནད་གཞི་བཤད་པ་ལས།ཤ་བཀྲ་ནང་རྩུབ་ཕྱི་རོལ་འཇམ། ། འཕྲུག་ན་གློག་པ་འབྱུང་བ་དང་། ། རེག་ན་འཇམ་ཞིང་སྲབ་པ་ལ། ། ཀུ་བའི་མེ་ཏོག་ལྟར་དཀར་དམར། ། ཕལ་ཆེར་རོ་སྟོད་དག་ཏུ་འབྱུང་། །ཞེས་དང་།ཡང་དེ་ཉིད་ལས། དེ་ནི་ཤ་བཀྲ་ཆུ་དང་ནི། ། ཡོངས་སུ་འཛག་པ་ཞེས་པར་བཤད། ། ནད་གཞི་གསུམ་ལ་བརྟེན་ཞིང་འབྱུང་། ། རླུང་ལས་རྩུབ་ཅིང་སྨུག་པ་ཡིན། ། མཁྲིས་གྱུར་པདྨའི་འདབ་ལྟར་དམར། ། ཚ་ཞིང་བ་སྤུ་འབྱི་བར་བྱེད། ། བད་ཀན་ལས་སྐྱ་སྟུག་ཅིང་ལྕི། ། གཡའ་བཅས་རིམ་བཞིན་ཁྲག་དང་ནི། ། ཤ་དང་ཚིལ་ལ་བརྟེན་པར་བཤད། ། འདི་དག་མདོག་ནི་གཉིས་ཀ་ཡིན། ། དེ་ནི་ཕྱི་མ་བཞིན་གསོ་དཀའ། ། སྤུ་དཀར་མ་ཡིན་སྲབ་པ་དང་། ། ཕན་ཚུན་མ་འདྲེས་གསར་དུ་བྱུང་། ། མེས་མ་བསྲེགས་པ་གསོ་བར་སླ། ། དེ་ལས་གཞན་པ་གསོ་དཀའ་ཡིན། ། འདོམས་དང་ལག་མཐིལ་མཆུར་བྱུང་བ། ། གསར་དུ་བྱུང་ཡང་གསོ་བར་དཀའ། ། ཞེས་གསུངས་པ་ལྟར་འདོར་ན་པགས་ནད་ཤ་བཀྲ་ལ་དབྱེ་བ་བཞི་ཡོད་དེ།རིགས་སམ་ཉེས་པའི་དབང་གིས་རླུང་མཁྲིས་བད་ཀན་ལས་གྱུར་པ་གསུམ་དང་།ཁ་དོག་གི་དབང་གིས་དཀར་དམར་སྔོ་ཁྲ་བཞི་དང་།གནས་ཀྱི་དབང་གིས་གདོང་གི་ཤ་བཀྲ། རོ་སྟོད་ཀྱི་ཤ་བཀྲ་སོགས་མང་དུ་ཕྱེ་ཆོག གསོ་བ་དཀའ་སླའི་དབང་གིས་གཉིས་སུ་དབྱེ་ཡོད་དོ། །
པགས་ནད་ཤ་བཀྲའམ་ཡང་ན་ཤ་ཁྲ་ནི་རྒྱུན་དུ་མཐོང་བའི་ནད་རིགས་ཤིག་ཡིན་ལ། འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་པགས་པའི་མདོག་རྒྱུ་ལོག་པ་ཞིག་རེད། པགས་པའི་ནག་རྒྱུ་ཕྲ་ཕུང་གི་བྱེད་ལས་ནུས་མེད་དུ་གྱུར་བ་ལས་བྱུང་བ་ཞིག་མངོན་ཀྱང་སྲིད། ལུས་པོའི་གནས་སོ་སོར་འབྱུང་ཉེན་ཆེ་ཞིང་། རྒྱུན་པར་གཙོ་བོ་སྐེད་རྒྱབ་དང་ལག་པའི་མཁྲིག་མ། ལག་ངར། ངོ་གདོང་། སྐེ། སྐྱེ་མཚན་གྱི་མཐའ་འཁོར་སོགས་སུ་ཕོག་སླ་པོ་ཡོད་པ་རེད། གལ་ཏེ་པགས་ནད་འབྱུང་བའི་ཉེན་ཁ་ཡོད་དུས་སྔ་ས་ནས་པགས་ནད་སྨན་ཁང་དུ་སོང་ནས་སྟོན་འོས་པ་ལས་འགོར་མི་རུང་།