ཀུའུ་ཁུན་གྱིས་ཁུལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ལ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་3པའི་ཚེས་15ཉིན་ནས་ཚེས་17ཉིན་གྱི་བར་དུ།  ཁུལ་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་རུ་ཁག་ཁྲིད་དེ་སྐབས་བསྟུན་ཟུར་ཞིབ་ཀྱི་བྱེད་ཐབས་སྤྱད་དེ་རྫོང་དང་གྲོང་ཁྱེར་གསུམ་དུ་དབུལ་སྐྱོར་གནས་སྤོ་དང་ཆུ་གློག་གནས་སྤོ་ཡུལ་མིའི་བཀོད་སྒྲིག་ལས་ཀ་སྤེལ་བའི་གནས་ཚུལ་སོགས་ལ་བརྟག་ཞིབ་གནང་བ་དང་།  ཁོང་གིས་ནན་བཤད་གནང་དོན།  སྲིད་ཇུས་ཁག་ཡག་པོ་བེད་སྤྱོད་བྱེད་དགོས་པ་དང་ནུས་ལྡན་གྱི་བྱེད་ཐབས་བརྒྱུད་ནས།  གནས་སྤོ་བའི་མང་ཚོགས་དག་ཕྱིར་སྤོ་ཐུབ་པ་དང་བརྟན་པོ་སྡོད་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་ཞེས་པར་ཁག་ཐེག་བྱེད་དགོས།

        ཀུའུ་ཁུན་དང་བཅས་པའི་སྔ་རྗེས་སུ་ཁུལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྡེ་ཁུལ་དུ་གནས་པའི་འཇོལ་རྫོང་གཡག་རྭ་ཤང་དགོན་འོག་གྲོང་སྡེའི་གནས་སྤོ་ས་ཚིགས་སུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་།  གཞི་རིམ་གྱི་ཏང་ཀྲི་པུའུ་ལས་ཀ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་སོང་བ་དང་།  འཇོལ་རྫོང་ཐང་སྟེང་ཤང་གི་ཡུལ་མི་གནས་སྤོ་ས་དང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཧྲི་ཁྭ་ཏི་གནས་སྤོ་བཀོད་སྒྲིག་ས་ཚིགས་སུ་མང་ཚོགས་ཀྱི་ཅི་བསམ་ཡོད་པ་དང་ཅི་དགོས་པ་སོགས་ལ་རྒྱུས་ལོན་བྱས་སོང་།  ཀུའུ་ཁུན་གྱིས་བརྟག་ཞིབ་བྱེད་པའི་གནས་ཚུལ་ལ་ལྟ་ན།  གཅིག་འགྱུར་གྱིས་བཀོད་སྒྲིག་བྱེད་རྗེས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་གོང་དུ་འགྲོ་ཡོད་པ་དང་འཚོ་བའི་ཁོར་ཡུག་ལེགས་པར་འགྱུར་ཡོད་མོད།  འོན་ཀྱང་གནད་དོན་གསར་པ་མང་པོ་ཐོན་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐོང་ཆེན་བྱེད་དགོས་པ་དང་ནན་ཏན་ངང་ཐག་གཅོད་བྱེད་དགོས། 

        ཟླ་3པའི་ཚེས་16ཉིན་ནས་ཚེས་17ཉིན་གྱི་བར་དུ།  ཀུའུ་ཁུན་དང་བཅས་པས་ཐའོ་པ་ཆུ་གློག་ས་ཚིགས་ཀྱི་གནས་སྤོ་བཀོད་སྒྲིག་ལས་ཀ་ལ་དམིགས་ནས་འབའ་ལུང་རྫོང་གི་ཀྲུང་ལུའུ་ཤང་དང་པའོ་ཧོ་གྲོང་རྡལ་སོགས་སུ་བརྟག་ཞིབ་སོང་བ་དང་།  ཁོང་གི་བསྟན་དོན།  ཐའོ་པ་ཆུ་གློག་ས་ཚིགས་འཛུགས་སྐྲུན་ནི་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ།  རྣམ་གྲངས་དེའི་འཛུགས་སྐྲུན་གྱིས་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་ལ་སྐུལ་འདེད་གཏོང་བ་དང་།  རྫ་ཆུའི་ཆུ་རྒྱུན་འབབ་ཡུལ་གྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཐུབ་པ་ལ་ནུས་པ་གལ་ཆེན་ལྡན།  གནས་སྤོ་བཀོད་སྒྲིག་ལས་ཀ་ཡག་པོ་སྒྲུབ་པས་ལས་གཞི་དུས་ལྟར་སྐུལ་འདེད་ཐུབ་མིན་དང་ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་ཧྲིལ་པོ་དང་འབྲེལ།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་ཀྱི་འདོད་པ་ལ་གུས་དགོས་པ་དང་།  མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལ་སྟབས་བདེ་སྐྲུན་དགོས་པ་མ་ཟད་རྒྱབ་ཕྱོགས་སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་དང་དོ་དམ་ལ་སྟབས་བདེ་སྐྲུན་དགོས།  ཧུར་ཐག་གིས་གནས་སྤོ་བའི་མང་ཚོགས་ཐོན་སྐྱེད་འཚོ་བའི་བྱེད་སྟངས་འགྱུར་བར་སྣེ་ཁྲིད་བྱེད་དགོས།