ལོ་རྒྱུས་དང་འབྲེལ་བའི་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-27   རྩོམ་ཁུངས།    བཙན་པོའི་རིག་གནས།

        ༼ ༡ ༽འགྲོ་བ་མི་རིགས་ཀྱི་སྐད་ཆ་བཤད་ཤེས་ནས་ལོ་དུ་སོང་ཡོད།

        ལན། ལོ་ངོ་འབུམ་ལྔ་ལྷག་སོང་བ་སྟེ། མི་རིགས་རིག་པས་མཁས་དབང་རྣམས་ཀྱིས་རྡོ་ཆས་གསར་མའི་ཡན་གྱི་མིའི་རིགས་ཀྱི་རབས་དེ་ལ། སྤྲ་མའི་རབས། འཇོན་མའི་རབས། འགྲེང་མིའི་རབས། བློ་ལྡན་མིའི་རབས། དེང་རབས་མིའི་རབས་སྟེ་རབས་ལྔ་ཕྱེས་ཡོད་ལ། དེ་དག་ལས་ལོ་ངོ་འབུམ་ལྔའི་ཡར་སྔོན་དུ་བྱུང་བའི་འགྲེང་མིའི་རབས་ནས་བཟུང་སྐད་ཆ་བཤད་ཤེས་མགོ་བརྩམས་ལ། ལོ་ངོ་ལྔ་ཁྲིའི་ཡར་སྔོན་དུ་བྱུང་བའི་བློ་ལྡན་མིའི་རབས་ཀྱི་སྐབས་སུ་སྐད་ཆ་ཕུན་གསུམ་ཚོགས་པ་གྲུབ་ཡོད་པར་བཤད་དོ།།

         ༼ ༢ ༽ སྐད་ཆ་དེ་མཚོན་བྱེད་ཡིག་གཟུགས་འབྲི་བའི་སྲོལ་ཇི་ལྟར་བྱུང་།

         ལན། ལོ་ཁྲི་གཅིག་གི་གོང་ཙམ་ནས་བཟུང་མི་རྣམས་ཀྱིས་བརྗོད་དོན་ཅི་རིགས་མཚོན་པའི་རི་མོ་སྣ་ཚོགས་གྱང་ངོས་དང་བྲག་ངོས་སོགས་སུ་འབྲི་བའི་སྲོལ་བྱུང་ལ། རྨང་གཞི་དེ་ལ་བརྟེན་ནས་རིམ་གྱིས་སྐད་ཆ་མཚོན་ནུས་པའི་རི་མོ་བྱུང་བ་སྟེ་སྐད་ཆ་མཚོན་ནུས་ཅན་གྱི་རི་མོ་འདི་ནི་བརྗོད་དོན་མཚོན་ཞིང་བཀླག་ཏུ་ཡོད་པ་ཡིན་པས་ཡིག་གཟུགས་དངོས་གནས་པ་ཡིན་ནོ།།

        ༼ ༣ ༽ཡིག་གཟུགས་དངོས་གནས་པ་བྱུང་ནས་ལོ་ཇི་ཙམ་སོང་ཡོད།

         ལན། ལོ་ལྔ་སྟོང་ལྷག་སོང་ཡོད་པ་སྟེ། ཡ་གླིང་ནུབ་རྒྱུད་ཀྱི་ཡིས་ཕ་ར་ཐེ་སུ་གཙང་པོ་དང་ཐེ་ཀི་རེ་སུ་གཙང་པོ་གཉིས་ཀྱི་འབབས་རྒྱུད་དུ་གནའ་བོར་འཚོ་བའི་སོས་མེར་གྱི་མི་རིགས་ཀྱིས་སྲོལ་བཏོད་པའི་ཁྱེའུ་དབྱིབས་ཡིག་གཟུགས་ནི་ཆེས་སྔ་བའི་ཡིག་གཟུགས་དངོས་དེ་ཡིན་ལ། ལོ༥༥༠༠ཡི་གོང་ནས་བྱུང་། ཡིག་གཟུགས་དེ་ལ་འཛེར་ཡིག་ཏུའང་གྲགས་ལ་སྲོལ་བཏོད་ནས་ཡུན་རིང་མ་འགོར་བར་ཤེས་རིགས་ལྡན་པའི་ཨེ་ཅིབ་པས་དང་ལེན་བྱས་པར་མ་ཟད། སྐབས་ཤིག་རིང་ཡ་གླིང་ནུབ་མའི་སྤྱི་སྤྱོད་ཀྱི་ཡིག་གཟུགས་ལྟ་བུར་གྱུར་མྱོང་ཟེར་རོ།།

        ༼ ༤ ༽ཡིག་གཟུགས་ལ་རྩ་བའི་སྒོ་ནས་དབྱེ་ན་དུ་ཡོད།

        ལན། གཙོ་བོར་དབྱེབས་ཀྱི་ཆ་ནས་བརྗོད་དོན་དེའམ་དེའི་སྐད་ཆའི་ཐ་སྙད་མཚོན་པར་བྱེད་པའི་འདྲ་རིས་ཀྱི་ཡིག་གཟུགས་དང་། དབྱེབས་ཀྱི་ཆ་ལ་མ་སྟོས་པར་གཙོ་བོར་སྒྲ་གདངས་ཀྱི་ཆ་ནས་བརྗོད་དོན་དེའམ་དེའི་སྐད་ཆའི་ཐ་སྙད་མཚོན་པར་བྱེད་པའི་དབྱཏས་གསལ་གྱི་ཡིག་གཟུགས་ཏེ་གཉིས་སུ་ཡོད་དོ།།

        ༼ ༥ ༽དབྱངས་གསལ་གྱི་ཡིག་གཟུགས་དེ་དུས་ནམ་ཙམ་ནས་དར་བ་ཡིན།

        ལན། ལོ་༣༧༠༠གོར་ཙམ་སྟེ། བྱང་སེ་མུ་ཐེའི་དབྱངས་གསལ་ཡིག་གཟུགས་ནི་དབྱངས་གསལ་ཡིག་གཟུགས་ཆེས་སྔ་ཤོས་དེ་ཡིན་ལ། ལོ་༣༧༠༠གོང་ཙམ་ནས་ཡོ་རོབས་ཀྱི་ས་དབུས་རྒྱམ་མཚོའི་ཤར་འགྲམ་གྱི་དེང་གི་ལེ་པ་ནོན་ས་ཁུལ་ནས་དར། དེ་ཡང་ས་གནས་དེའི་གནའ་བོའི་ཚོང་གཉེར་པ་རྣམས་ཀྱིས་ཚོང་རྫས་ཀྱི་མིང་དང་རིན་གོངས་སོགས་སྟབས་བདེའི་སྒོ་ནས་ཐོ་འགོད་ཆེད་དུ་འཛེར་ཡིག་དང་ལྷ་ཡིག་ནང་གི་སྒྲ་གདངས་མཚོན་བྱེད་ཀྱི་རི་མོའི་ཆ་རྣམས་ལ་ལད་མོ་བྱས་ཏེ་སྐད་ཆའི་ནང་གི་སྒྲ་གདངས་མཚོན་བྱེད་ཀྱི་གཟུགས་རིས་སྣ་ཚོགས་འབྲི་སྲོལ་བཏོད་པ་རེད་ལ། ལྟེས་དབང་གིས་གཟུགས་རིས་དེ་དག་དབྱངས་གསལ་གྱི་ཡིག་གཟུགས་སུ་གྱུར་པ་མ་ཟད། འཛམ་གླིང་གི་དབྱངས་གསལ་ཡིག་གཟུགས་གཞན་དག་གི་གཞི་མ་ལྟ་བུར་གྱུར་ཟེར་རོ།།