རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
ཡེ་ཤེས་བཟང་པོས་ནད་པའི་ནད་ལ་བརྟག་བཞིན་པ།
མི་ཚེ་གཅིག་ལ་ལོ32ག་ཚོད་ཡོད་སྲིད་དམ། བོད་ཀྱི་སྨན་པའི་ཁྱིམ་རྒྱུད་ནས་འཚར་ལོངས་བྱུང་བའི་ཡེ་ཤེས་བཟང་པོས་ཨ་ཕའི་སྨན་རྒྱུན་བསྐྱངས་ཏེ་རི་བའི་ཁྱིམ་ཁ་སྒོ་ཉུལ་སྒོས་ནད་པར་བལྟས་ཏེ་ཏག་ཏག་བགྲང་བྱ32སོང་།
ཟླ3ཚེས7ཉིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཐེ་ཀེ་ཤང་ཧོ་ལི་སི་གོང་མའི་འཕྲོད་བསྟེན་ཁང་དུ། ཡེ་ཤེས་བཟང་པོ་ལགས་ཀྱིས་ནད་པར་གནམ་ཁབ་བརྒྱབ་རྗེས་ལམ་སེང་ཕྱིར་འཁོར་ནས་ནད་པ་གཞན་གྱི་རྩ་ལ་བརྟག་པ་དང་། མཚམས་རེར་སྡེ་མིས་ནད་ཅི་ཡིན་པ་དང་སྨན་ཅི་བསྟེན་ན་ཕན་པ་ལ་སོགས་ཀྱི་བློ་འདྲི་ལ་ལན་སློག་པ་སོགས་ལས་བྲེལ་ཤིན་ཏུ་ཆེ། ཁོམ་གསེང་ཅུང་ཟད་རེ་ཡོད་ཚེ་ད་གཟོད་ཁོང་ལ་ཁ་བརྡ་རེ་བྱ་ཐུབ་མོད། ཡིན་ཡང་སྐད་ཆ་གཅིག་གཉིས་ཙམ་བཤད་དབང་མེད་པར་ཁོང་ཡང་བསྐྱར་ནད་པའི་གམ་དུ་བསྐྱོད་དགོས་ཀྱི་ཡོད།
དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པའི་མཇུག་ཏུ་སྐྱེས་པའི་ཡེ་ཤེས་བཟང་པོ་ཚང་ལ་མཚོན་ན། མི་རབས་དྲུག་གི་སྨན་རྒྱུན་ཡོད་པའི་ཁྱིམ་ཚང་ཞིག་ཡིན་ལ། ཧོ་ལི་སི་སྡེ་བའི་ཡུལ་མི་ཀུན་ལ་རྒྱུས་མངའ་ཧ་ཅང་ཆེ། ཁོང་གིས་ཐེངས་དུ་མར་གསེར་ཆེན་རྫོང་གི་འཕྲོད་བསྟེན་ལས་ཁུངས་ནས་སྔོན་ཐོན་ལས་བྱེད་པ་དང་། 2016ལོར་གསེར་ཆེན་གྱི་མི་བཟང་། ཞིང་ཆེན་ཡོངས་ཀྱི“ཞིང་གྲོང་སྨན་པ་ཕུལ་བྱུང་ཅན”བཅས་ཀྱི་གཟེངས་རྟགས་དང་མཚན་སྙན་བླངས་མྱོང་བ་མ་ཟད། 2018ལོར་ཀྲུང་གོའི་སྨན་པ་དཀའ་བཅུ་བའི་མཐུན་ཚོགས་ཀྱིས་ཁོང་སྐབས་དང་པོའི་མི་དམངས་ཀྱིས་ཆེས་དགའ་བསུ་ཐོབ་པའི་ཞིང་གྲོང་སྨན་པར་བདམས།
ཆུང་དུས་ནས་ཁྱིམ་གྱི་འབྱོར་བ་ཞན་པའི་དབང་གིས་སློབ་ཆུང་གི་ལོ་རིམ་གཉིས་པའི་ཐོག་སློབ་མཚམས་འཇོག་དགོས་བྱུང་། ཡིན་ན་ཡང་དུས་རྒྱུན་ཕ་རྒན་གྱིས་ནད་བརྟག་ནད་བཅོས་ཀྱི་གདམས་པ་དང་ལག་ལེན་གྱི་དྲི་བསུང་ལྷད་མེད་འོག ཁོང་ལ་བག་ཆགས་ཟབ་མོ་བཞག ཕྱིས་ཚད་ལྡན་གྱི་སྨན་རྩལ་ལེགས་པོ་སྦྱོང་འདོད་ཀྱི་འདུན་པ་དྲག་པོའི་མཐུས་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་ཆེད་ལས་སུ་གོམ་ཁ་བསྒྱུར་ནས་སློབ་གཉེར་ལ་འབད། མཐར་ཕྱིན་རྗེས་ཐེངས་དུ་མར་རྫོང་དང་ཁུལ། ཞིང་ཆེན་དུ་གཉེར་བའི་ཟབ་སྦྱོང་མང་པོར་ཞུགས་ནས་སྨན་བཅོས་ཀྱི་ལག་རྩལ་ལ་རིམ་བཞིན་ཡར་རྒྱས་བྱུང་།
1986ལོར་སིབ་སི་ནད་ཡམས་བྱུང་དུས། སྨན་པའི་ལས་གཉེར་ནས་ཡུན་རིང་མ་འགོར་བའི་ཁོ་རང་ནད་འདིར་གཉེན་པོ་ཇི་ལྟར་བསྟེན་དགོས་ཚུལ་གྱི་དཀའ་གནད་དང་འཕྲད ཁོང་གིས་ནད་ཡམས་ཚོད་འཛིན་བྱ་ཆེད་རིམས་འགོག་སྡེ་ཚན་གྱི་སློབ་སྟོན་འོག འགོག་སྨན་དང་ཚ་དམ་འཁྱེར་ཅིང་། ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་དེ་ཉིན་མཚན་ལྟོས་མེད་ཁྱིམ་ནས་ཁྱིམ་དུ་ཕྱིན་ཏེ་གྲོང་ཚོ་ཞིག་གི་དུད་ཚང180ཡོངས་ལ་འགོག་སྨན་བསྐྱལ། ལྷག་པར་རིམས་ནད་ཕོག་སླ་བའི་མི་ཚོགས་ལ་ལག་ཐོག་ལག་བཞག་གིས་སྨན་སྤྲད་དེ་འཐུང་དུ་བཅུག་རྗེས་ད་གཟོད་སེམས་བདེ་མོའི་ངང་ནང་ལ་ལོག་གི་ཡོད། ཟླ་འགའི་རྗེས་སུ། ཧོ་ལི་སི་སྡེ་བ་གོང་མའི་སིབ་སི་ནད་ཡམས་ཧ་ལམ་ཚོད་འཛིན་བྱུང་བ་མ་ཟད། ནད་ཕོག་པ་རྣམས་ཀྱང་ཚང་མ་དྲག་སྐྱེད་བྱུང་།
སྨན་པའི་ཕྱག་ལས་གནང་ནས་ད་ལྟའི་བར་དུ། ཡེ་ཤིས་བཟང་པོས་ཞིང་གྲོང་གི་སྨན་པ་བྱས་ནས་ལོ་ངོ32ཟིན། ཁོས་གྲོང་ཚོ་ཡོངས་ཀྱི་གྲོང་མི980ལྷག་གི་སྨན་བཅོས་བདེ་སྲུང་ལ་འགན་འཁུར་གྱི་ཡོད་ཅིང་། ལོ་རེར་གྲོང་མིའི་གམ་དུ་ཐེངས་སྟོང་ཕྲག་ཁ་ལྷག་བསྐྱོད་དེ་ནད་དཔྱད་ནད་བཅོས་བྱེད་པ་དང་། ནད་བཅོས་བྱུང་བའི་ནད་པ་བགྲང་གིས་མི་ལང་། ཁོང་གི་སྨན་རྩལ་དང་མང་ཚོགས་ཀྱི་ཡི་རང་ཆེན་པོ་ཐོབ་པ་ཆ་ནས་བཤད་ན། ཁོ་ནི་ས་གནས་དེའི་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་ཆོག་ཆོག་རེད།
ཡིན་ན་ཡང་དོན་དངོས་ཀྱི་འཚོ་བའི་ཁྲོད་ཁོང་གི་ཁྱིམ་ཚང་ང་ཚོའི་དྲན་སྣང་ཁྲོད་ཀྱི་དེ་འདྲ་ཞིག་མིན་པར། གྱོན་པ་གཅིག་པུའི་ཆ་ནས་ཀྱང་མི་གྲོན་ཆུང་ཚེགས་ཡངས་ཤིག་ཡིན་པ་ངང་གིས་རྟོགས་ཡོང་། ཁོས་ཡོང་སྒོ་རྣམས་རང་ཉིད་དང་ནང་མིའི་སྟེང་ལ་གཏོང་མི་ཕོད་པར་ནད་པའི་སྨན་ཡོན་གསབ་པར་གཏོང་བར་བྱེད། ཁོས་རྒྱུན་དུ“སྨན་པས་སྤྱོད་ལམ་ཡག་དགོས། ནད་དྲག་སྐྱེད་བྱུང་ནས་ནད་པ་དགའ་ན་དགེ་བ་འབའ་ཞིག་གོ ། གལ་ཏེ་ནད་བཅོས་རྗེས་སུ་སྨན་ཡོན་བླངས་ན་ནད་པའི་འཚོ་རྟེན་བླངས་པ་དང་ཁྱད་མེད་པས་ནད་བཅོས་ཀྱང་དོན་མེད་དུ་གྱུར་བ་ཡིན”ཞེས་གསུངས། ཡེ་ཤེས་བཟང་པོས་སྨན་བཅོས་བྱེད་དུས། གལ་ཏེ་གྲོང་མིའི་ལག་ཏུ་དངུལ་མང་པོ་མེད་ཚེ་ཁོང་གིས་སྨན་ཡོན་ལེན་གྱི་མེད།
གྲོང་མི་ཀྲའོ་ཧྥུ་ཁྲེང་གི་ཨ་མ་ཞིའེ་ལིན་ནི་ལོ་ན90སོན་པའི་བགྲེས་སོང་ཞིག་ཡིན་ལ། གྲོང་ཚོའི་ནང་ཆེས་རྒན་པ་དེ་རེད། དབང་པོར་སྐྱོན་ཤོར་བའི་རྐྱེན་གྱིས་ཁྱིམ་ཕྱིར་འབུད་ཐུབ་ཀྱིན་མེད། མོ་ལ་མགོ་ན་བའི་ནད་ཞིག་ཡོད། མཚམས་རེར་ཁྱིམ་དུ་མོ་གཅིག་པུར་ལུས་ཚེ། ཀྲའོ་ཧྥུ་ཁྲེང་གིས་ཡེ་ཤེས་བཟང་པོར་ཁ་པར་བརྒྱབ་ནས་ཁྱིམ་དུ་ཁོའི་ཨ་མར་བལྟ་བར་མངགས་བཅོལ་བྱེད་ཀྱི་ཡོད། གྲོང་ཚོའི་ནང་བཅོས་ཐབས་ཀྱི་ཆ་རྐྱེན་མི་འདང་བ་ཡིན་ན། ཡེ་ཤེས་བཟང་པོས་རང་གི་རླངས་འཁོར་བསྐོར་ནས་རྒན་མོ་ཁུལ་སྨན་ཁང་དུ་བསྐྱལ་དེ། སྨན་བསྟེན་གྱི་གོ་རིམ་ཆ་ཚང་བསྒྲུབས་རྗེས་ཕྱིར་རྒན་མོའི་ཁྱིམ་དུ་བསྐྱལ་གྱི་ཡོད།
དེའི་སྐོར་གླེང་ཡོང་དུས། ཀྲའོ་ཧྥུ་ཁྲེང་གི་མིག་མཐར་མཆི་མས་བརླན་ཡོང་། ཁོས་ང་ཚོའི་གྲོང་ཚོ་འདི་སྨན་པ་བཟང་པོ་ཡེ་ཤེས་བཟང་པོ་ལ་འབྲལ་ཐབས་མེད། ཁོས་བུ་ཕྲུག་ཞིག་གི་ཚུལ་ནས་གྲོང་ཚོ་ནང་གི་རྒན་རྒོན་བགྲེས་སོང་མང་པོ་ལ་ལྟ་སྐྱོང་བྱེད་པས་ཚང་མས་ཁོར་ཡིད་ཆེས་ཞེ་དྲག་ཡོད།ནམ་དུས་ཡིན་ཡང་ཁ་པར་བཏང་བ་ཙམ་གྱིས་འགོར་འགྱང་མེད་པར་ནད་ལ་བལྟ་བར་སླེབས་འོང་། གྲོང་ཚོའི་ནང་ཁོ་ཡོད་ན་ཚང་མ་སེམས་བདེ་བོ་ཡོད་ཟེར།
ཡེ་ཤེས་བཟང་པོས། ང་རང་ཆུང་དུས་ནས་གྲོང་ཚོ་ནས་འཚར་ལོངས་བྱུང་བ་ཡིན། དེའི་དུས་མི་མང་པོ་ཞིག་གིས་ང་ལ་རོགས་མང་པོ་བྱས་མྱོང་ཡོད། རྒན་པོ་འདི་རྣམས་ནི་རང་གི་ཕ་མ་ལྟ་བུ་ཡིན་པས་ཁོང་ཅག་གི་ལུས་པོ་བདེ་ཐང་ཡོང་རྒྱུ་དེ་ངའི་འགན་ཁུར་ཆོག་ཆོག་ཡིན་ལ་སྒྲུབ་ཀྱང་རུང་ཆོག་ཆོག་ཡིན་ཟེར། ལོ་དུ་མའི་ཉམས་མྱོང་ཁྲོད་ནས་གྲོང་ཚོའི་ནང་གི་རྒན་པོ་སོ་སོའི་གནས་ཚུལ་ལ་ཧ་ཅང་གསལ་ཆ་ཡོད། ད་ཆ་ཁོའི་ལོ29ལ་སོན་པའི་བུ་པདྨ་རྡོ་རྗེ་ཡང་ཁོང་དང་འདྲ་བར་ཁྱིམ་རྒྱུད་ཀྱི་སྨན་རྩལ་རྒྱུན་འཛིན་བྱས་ཏེ། ཧོ་ལི་སི་གྲོང་ཚོ་གོང་མར་བསྡད་དེ་ཕ་རྒན་དང་ལྷན་དུ་གྲོང་ཚོའི་སྨན་པའི་ལས་རྒྱུན་བསྐྱངས་པ་དང་། ད་ལྟ་ཕ་བུ་གཉིས་ཀྱིས་མཉམ་དུ་གྲོང་མིའི་བདེ་ཐང་སྲུང་གི་ཡོད་ལ། ཡེ་ཤེས་བཟང་པོ་ལས་རྐང་ནས་བུད་རྗེས་པདྨ་རྡོ་རྗེས“ཞིང་གྲོང་སྨན་པའི”ལས་རྒྱུན་སྐྱོང་ངེས།
ལོ་ངོ32རིང་ལ། ཡེ་ཤེས་བཟང་པོས་རང་གི་བསམ་སྤྱོད་གཉིས་ཀྱི་ཐོག་ནས“སྡུག་ལས་སྐྱོབ་པ”ཞེས་པའི་གོ་དོན་དངོས་གསེད་འགྲེལ་བྱས་ཡོད། ལྷག་པར་སྨན་པའི་ལས་འདི་ཕུགས་འདུན་ཞིག་དང་། ནད་བཅོས་སྲོག་སྐྱོབ་དེ་རང་ཉིད་ཀྱི་འཚོལ་སྙེག་ཅིག་ཏུ་རློམ་སྟེ་མི་ཚེ་ཧྲིལ་བོ་དེ་ལ་གཏིམས། ཁོང་གིས་བརྟག་པ་ནི་ཏག་ཏག་ནད་དང་། སྐྱོབ་པ་ནི་སེམས། གནང་བ་ནི་སྨན། བསྐྱེད་པ་ནི་བརྩེ་བ་ཁོ་ན་རེད།