བོད་ལྗོངས་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བའི་རླབས་ཆེན་གྱི་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

ལོ60ཡི་གོང་། ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱ་དབང་སྒྱུར་དང་།   གཉའ་གནོན། བྲན་བཀོལ་བཅས་ཀྱི་ཡ་ང་བའི་ལས་དབང་ལས་རྦད་དེ་ཐར་ཐུབ་པ་བྱུང་སྟེ་རྒྱལ་ཁབ་ཀྱི་བདག་པོ་དང་།       སྤྱི་ཚོགས་ཀྱི་བདག་པོ།        རང་ཉིད་ཀྱི་ལས་དབང་གི་བདག་པོ་བཅས་ལ་གྱུར་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་གནམ་ས་གཡོ་བའི་བྱ་སྤྱོད་རླབས་པོ་ཆེ་དང་བོད་ཀྱི་མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་རེད།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་མུན་ནག་དབང་སྒྱུར་རྦད་དེ་མགོ་རྟིང་བསླགས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཐད་ཆབ་སྲིད་ཀྱི་འགོག་རྐྱེན་མེད་པ་བཟོས་ཡོད། བོད་རྙིང་པར《ཞལ་ལྕེ་བཅུ་དྲུག》དང《ཞལ་ལྕེ་བཅུ་གསུམ》ཚབ་མཚོན་དུ་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་རྒྱ་ཆེའི་ཞིང་བྲན་ཚོར་གདུག་རྩུབ་ཀྱི་གཉའ་གནོན་གཏོང་གི་ཡོད། 《ཞལ་ལྕེ》དེ་དག“རིམ་པ་གསུམ་དང་རིགས་དགུ”ལ་དབྱེ་སྟེ་སྐུ་དྲག་དང་། བླ་སྤྲུལ། མཐོ་རིམ་དཔོན་རིགས་བཅས་སྐྱེས་མ་ཐག་མཆོག་ཏུ་གྱུར་པའི་མིར་ངོས་འཛིན་བྱས་ཏེ་རིམ་པ་མཐོ་ཤོས་སུ་འཇོག་པ་དང་རྒྱ་ཆེའི་ཞིང་བྲན་ཚོ་ནི་རིམ་པ་དམའ་ཤོས་སུ་འཇོག་གི་ཡོད། སྲོག་རིན་ལའང་རིམ་པ་མཐོ་དམན་མི་འདྲ་བ་ཡོད་པས། རིམ་པ་དང་རིགས་མཐོ་བའི་མིའི“སྲོག་རིན་ནི་ཕུང་པོའི་ལྗིད་ཚད་དང་གཅིག་མཚུངས་ཀྱི་གསེར་རི་བ”དང་རིམ་པ་དང་རིགས་དམའ་བའི་མིའི“སྲོག་རིན་ནི་རྩ་ཐག་གཅིག་གི་རིན་པ་ལས་རི་གི་མེད” ཞིང་བྲན་གྲལ་རིམ་ལ་མུན་ནག་དང་གདུག་རྩུབ་ཀྱི་དབང་སྒྱུར་ཕོག་ནས་རྒྱུ་མཚན་ཤོད་དབང་མེད་པ་དང་མ་ཉེས་ཁག་གཡོགས་ཞུ་ས་མེད་པར་ཁྲིམས་གཅོད་སྣ་ཚོགས་ཀྱི་མནར་གཅོད་མྱོང་དགོས་ཀྱི་ཡོད། ཞིང་བྲན་བདག་པོར་ཞིང་བྲན་དང་བྲན་གཡོག་གི་འཆི་གསོན་དབང་ཆ་ཡོད། གལ་སྲིད་མངའ་བདག་ལ་ཕོག་ཐུག་ཅུང་ཟད་བཏང་ཚེ་མིག་འདོན་པ་དང་། ཤ་གཏུབ་པ། ལྕེ་འབྲེག་པ། ལག་པ་གཅོད་པ། རྐང་པ་གཅོད་པ། རྟིང་རྩ་གཅོད་པ་། པགས་པ་བཤུ་བ་སོགས་གདུག་རྩུབ་ཀྱི་ཁྲིམས་ཆད་གཅོད་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྟེང་གི་བཀོད་པ་མེད་པ་བཟོས་པ་དང་། བོད་རྙིང་པའི་ཞལ་ལྕེ་མེད་པ་བཟོས་པ། མི་ལ་རིམ་པ་གསུམ་དང་རིགས་དགུ་མི་དབྱེ་བ། གདུག་རྩུབ་ཀྱི་ཁྲིམས་གཅོད་སྣ་ཚོགས་བཀག་འགོག་བྱས་པ། སྒེར་གྱིས་བཙུགས་པའི་བཙོན་ཁང་ཚང་མ་མེད་པ་བཟོས་པ་བཅས་བྱས་ཡོད།

གསར་དུ་བཙུགས་པའི་མི་དམངས་སྲིད་དབང་དང་། སྤྱི་ཚོགས་ལམ་ལུགས་གསར་པ། ཀྲུང་གོ་གསར་པའི་བཅའ་ཁྲིམས་བཅས་ཀྱིས་བོད་མི་དམངས་ཚང་མ་འདྲ་མཉམ་ཡོང་བའི་འགན་ལེན་བྱས་པ་དང་། ཚང་མར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་དབང་ཡོད་པས་མི་དམངས་དམངས་གཙོས་མངའ་བདག་ཆེན་པོ་གསུམ་གྱི་སྲིད་དབང་སྒེར་གཅོད་ཀྱི་ཚབ་རྦད་དེ་བྱས་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་གདུག་རྩུབ་ཆེ་བའི་བཤུ་གཞོག་རྦད་དེ་མེད་པ་བཟོས་ཏེ་མི་དམངས་རང་ཁྱིམ་རང་བདག་ཡོང་ཆེད་དཔལ་འབྱོར་ལམ་ལུགས་ཀྱི་བཀག་རྒྱ་མེད་པ་བཟོས་ཡོད། ཞིང་བྲན་གྲལ་རིམ་ལ་གདུག་རྩུབ་ཆེ་བའི་གཉའ་གནོན་ཕོག་པ་དང་ཉམ་ཐག་དབུལ་ཕོངས་སུ་འགྱུར་རྐྱེན་གཙོ་བོ་ནི་ཐོན་སྐྱེད་རྒྱུ་ཆ་མེད་པས་རེད། ཐོན་སྐྱེད་རྒྱུ་ཆ་མེད་པ་ལས་ཞིང་བྲན་ཚོར་ས་ཞིང་བོགས་མར་གཏོང་བ་དང་། ཁྲལ་འུ་ལག ཁྲལ་ལྕི། སྐྱེད་ཆེའི་བུ་ལོན་སོགས་ཀྱི་བཤུ་གཞོག་ཕོག་གི་ཡོད། ས་ཞིང་བོགས་གཏོང་དང་། ཁྲལ་འུ་ལག ཁྲལ་ལྕི་བཅས་ཀྱི་བཤུ་གཞོག་མྱངས་རྗེས་ཞིང་བྲན་གྱི་ངལ་རྩོལ་འབྲས་བུ་སྤྱིར་ན་ཏིལ་འབྲུ་ཙམ་ཡང་ལྷག་གི་མེད། འཚོ་གནས་ཀྱི་ཆེད་དུ་སྐྱེད་ཆེའི་བུ་ལོན་མ་གཡར་ཀ་མེད་དུ་གྱུར་ཡོད། བོད་རྙིང་པར་ས་གནས་སྲིད་གཞུང་གིས་བུན་གཏོང་སྒྲིག་གཞི་བཙུགས་ནས་དགོན་སྡེ་མང་པོ་ཞིག་བུན་གཏོང་གི་སྒྲིག་གཞིའི་ནང་ཞུགས་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ལའང་ཆེད་མངགས་ཀྱི་བུན་གཏོང་སྒྲིག་གཞི་ཡོད། ཞིང་བྲན་གྱིས་དངུལ་བུན་གཡར་ཚེ་སྐྱེད་ཀ་མཐོ་པོ་སྤྲོད་དགོས་པས་ལོ་ནས་ལོ་བསྟུད་དེ་ནམ་ཡང་སྤྲད་ཚར་དུས་མེད། “འཁྱེར་རྒྱུ་གྲིབ་ནག་ལས་མེད་པ་དང་འཇོག་རྒྱུ་རྐང་རྗེས་ལས་མེད”ཅེས་པ་དེ་ཞིང་བྲན་དབུལ་པོའི་མཚོན་ཚུལ་དངོས་ཤིག་ཡིན། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཐོན་སྐྱེད་རྒྱུ་ཆའི་ཞིང་བྲན་བདག་པོའི་དབང་བའི་ལམ་ལུགས་མེད་པ་བཟོས་ཏེ་ཞིང་བྲན་དང་བྲན་གཡོག་ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་གྲུབ་འབྲས་ཀྱི་བདག་པོར་གྱུར་ནས་དབུལ་པོའི་རྩ་བ་དྲུང་ནས་འབྱིན་པ་དང་། བཤུ་གཞོག་དང་གཉའ་གནོན་གྱི་འབྱུང་རྩ་མེད་པ་བཟོས་པས་སྐེད་པ་བསྒྲེངས་ནས་ས་གཞི་གཤིན་པོའི་ཐོག་རང་ཉིད་ལ་དབང་བའི་བདེ་སྐྱིད་འཚོ་བ་བཏོད་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཆོས་ལུགས་ལྷ་དབང་གི་སྲིད་དབང་སྒེར་གཅོད་ཀྱི་དབང་སྒྱུར་མེད་པ་བཟོས་ནས་མི་དམངས་རང་ཁྱིམ་རང་བདག་ཆེད་བསམ་པའི་བཀག་རྒྱ་མེད་པ་བཟོས་ཡོད། ཆོས་ལུགས་ནི་ཞིང་བྲན་བདག་པོའི་གྲལ་རིམ་དབང་སྒྱུར་གྱི་བསམ་བློའི་ཀ་རྟེན་ལྟ་བུ་ཡིན། མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་ལ་བརྟེན་ནས་ཞིང་བྲན་བསམ་བློའི་བྲན་དུ་བཀོལ་གྱི་ཡོད། ཕྱོགས་གཅིག་ནས་སྡུག་བསྔལ་གྱི་ཁྲོད་སྨྲེ་ངག་འདོན་བཞིན་པའི་མི་དམངས་རྨོངས་སུ་འཇུག་ཆེད་རྫུན་གཏམ་མང་པོ་བཟོས་ནས་ཞིང་བྲན་གྱིས་རང་ཉིད་ཀྱིས་མྱངས་པའི་སྡུག་བསྔལ་གྱི་རྒྱུ་རྐྱེན་གཙོ་བོ་མཐོང་དུ་འཇུག་གི་མེད། ཕྱོགས་གཞན་ཞིག་ནས་ཞིང་བྲན་ལ་རེ་བ་ཚེ་ཕྱི་མར་བཅོལ་དགོས་པ་དང་། ཚེ་འདིའི་སྡུག་བསྔལ་གྱི་བཟོད་པར་ཐུབ་ཚེ་ཚེ་ཕྱི་མར་འཚོ་བ་ཡག་པོ་སྐྱེལ་ཐུབ་ཅེས་མགོ་སྐོར་གཏོང་གི་ཡོད། བོད་རྙིང་པར་ལྷ་དབང་གོང་དུ་བཀུར་བ་དང་སྲིད་དབང་གིས་ལྷ་དབང་ལ་འགེབས་སྲུང་བྱེད་པ་དང་། ལྷ་དབང་གིས་སྲིད་དབང་ལ་ཚོད་འཛིན་བྱེད་པ། ལྷ་དབང་དང་སྲིད་དབང་གཞི་གཅིག་ཏུ་འདྲེས་པ་བཅས་བྱས་ནས་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཆོས་སྲིད་ལོགས་སུ་དབྱེ་བ་དང་སློབ་གསོ་འཕེལ་རྒྱས་བཏང་བས་མི་དམངས་ལ་ཆོས་དད་རང་མོས་དངོས་འབྲེལ་བྱུང་ནས་རང་ཉིད་ཀྱི་བསམ་བློ་དང་འཚོ་བའི་བདག་པོར་གྱུར་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག བདག་པོའི་ཉམས་འགྱུར་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། བདེ་སྐྱིད་ཀྱི་འཚོ་བ་གཏོད་པ་བཅས་བྱས་ཏེ་ས་མཐོའི་རབ་ཏུ་འཚེར་བའི་ཉི་འོད་འོག་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་ཡོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་རང་བཙན”ཟེར་བའི་ལོག་སྤྱོད་ཀྱི་ཆབ་སྲིད་དམིགས་ཡུལ་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཁས་རྩ་བ་ནས་མ་བླངས་པར“བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ”སོགས་ཀྱི་ཁུངས་མེད་གཏམ་འཆལ་འཛེམས་བག་མེད་པར་བཤད་དེ་རྗེས་ལུས་དང་རུལ་སུངས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རོ་ལངས་རྒྱག་རྒྱུའི་རེ་ངན་བཅངས་ནས་བོད་ཀྱི་མི་དམངས“མངའ་བདག་ཆེན་པོ་གསུམ”གྱིས་བཙན་པོ་དབང་ཡོད་གཏོང་སའི་མི་ཡུལ་གྱི་དམྱལ་ཁམས་སུ་ནམ་ཡང་གནས་སུ་འཇུག་རྩིས་བྱས། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པས་བོད་ཀྱི་མི་དམངས་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། ཕམ་ཉེས་ཀྱི་ལས་དབང་ལས་ཐར་ཐབས་མེད་པ་སྨོས་མེད་རེད།  (མི་དམངས་དྲ་བ།)