༄༅།།ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-05   རྩོམ་ཁུངས།    མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། --མི་དམངས་དྲ་བ།--人民网

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་། དམངས་སྲིད་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་རྙིང་དོར་གསར་འཛུགས་དང་འགག་སྒྲོལ་དཀའ་ཕེལ་བྱས་པར་བརྟེན་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཡང་ཞུས་ཡོད་ཅེས་ནན་བཤད་གནང་བ་རེད།     ཞི་ཅིན་ཕིང་གིས་དམངས་འཚོ་དང་འབྲེལ་བ་དང་དམངས་སེམས་དང་འབྲེལ་བའི་དམངས་སྲིད་ལས་དོན་ནི་སྤྱི་ཚོགས་འཛུགས་སྐྱོང་གི་ཐ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། དམངས་སྲིད་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན། གཞི་རིམ་གྱི་དམངས་སྲིད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་དམངས་སྲིད་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང་། དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ། དམིགས་བསལ་ཚོགས་སྤྱིར་དམིགས་པ། མང་ཚོགས་ཀྱི་དོ་ཁུར་ལ་དམིགས་པ་བཅས་བྱས་ཏེ་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།



     རྒྱལ་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་བཅུ་བཞི་པ་ཟླ་4ཚེས་2ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད།     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ནས་གཞི་རིམ་གྱི་འཐབ་ས་དང་པོ་དང་སེམས་ནུས་ཡོད་རྒུས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐད་གྲགས་མེད་པར་ཞབས་འདེགས་ཞུ་མཁན་རྒྱལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་ད་ཕན་ལོ་ཤས་རིང་དམངས་སྲིད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་ཀྱང་གནང་ཞིང་། ཁོང་གིས་མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་དམངས་སྲིད་ལས་དོན་ནི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་ཞབས་ཞུའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། དབུལ་སྐྱོར་ཉེན་སྐྱོབ་ཀྱི་ཀུན་ཕན་བྱ་སྤྱོད་ཅིག་ཀྱང་རེད། མིག་སྔར་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་གནས་པར་བརྟེན་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་བས་ཆེ་བ་དང་དམངས་སྲིད་ལས་དོན་གྱི་ལས་འགན་ཡང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་གཞི་རྩ་འགན་ལེན་དང་ཐ་སྐྱོང་བྱས་ནས་དམངས་འཚོ་འགན་ལེན་གྱི“བདེ་འཇགས་དྲ་བའི”ཚགས་དམ་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཞབས་འདེགས་ཞུས་ནས་འཚོ་བར་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་གཞི་ལྕི་པོ་ཕོག་མཁན། དཀའ་ངལ་ཁྲོད་ལུས་པའི་བྱིས་པ་སོགས་ཚུད་པའི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཚོས་དོ་ཁུར་བྱེད་པའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས།“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་དེ་བས་སྟབས་བདེ་ཡོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ནུས་པ་དེ་བས་འདོན་སྤེལ་བྱེད་པ། སྡེ་ཁུལ་གྱི་རྒན་གསོ་བུ་བཅོལ་སོགས་མཁོ་ཆེ་བའི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བ། འཚོ་བའི་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་ལས་ཞུགས་དང་ནུས་ལྡན་གྱི་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། སྤྱི་ཚོགས་ལས་དོན་དང་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་འཕེལ་གཏོང་བ་དང་མི་ཚང་མ་ཞུགས་པ་དང་མི་ཚང་མས་ནུས་ཤུགས་བཏོན་ནས་སྤྱི་ཚོགས་ཁྱིམ་ཚང་ཆེ་མོ་དེ་བས་དྲོ་སྐྱིད་དང་འཆམ་མཐུན་ཡོང་བ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱས་ནས་དམངས་སྲིད་ལ་དོ་ཁུར་དང་དམངས་སྲིད་ལ་རྒྱབ་སྐྱོར་དང་དགེ་སྒྲུབ་ཀྱི་བྱ་བ་དང་དམངས་འཚོའི་བདེ་རྩར་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།