སྨག་མུན་ཀློང་གི་འབོད་སྒྲ།

རྩོམ་པ་པོ།   གསེར་མོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

མཚན་མོ་འདིར། ཚ་དུབ་ཀྱིས་མནར་བས་དབུགས་ཀྱང་འབྱིན་དཀའ་བར་གྱུར།   

མཁའ་དབྱིངས་སུ་རྒྱུ་སྐར་གཅིག་ཀྱང་མི་མངོན་ཞིང་།  རྒྱ་མཚོའི་ཁུ་སིམ་གྱི་རྣམ་པ་ནི་འཇིགས་ཡེར་བ་ཞིག་རེད།

ནམ་རྒྱུན་དང་འདྲ་བར་གྲུ་གཅལ་འཇུག་མའི་ཕྱོགས་སུ་སོང་མོད་མི་ཞིག་སྔ་མོ་ནས་དེར་འགྲེང་ཞིང་ལན་ཀན་ལ་ཁེན་ནས་འབྱམས་ཀླས་ཀྱི་རྒྱ་མཚོར་ཅེར་འདུག

“མཚན་མོ་བདེ་ལེགས”ཞེས་ངས་འཚམས་འདྲི་ཞུས། སྐྱེས་པ་དེ་ཁ་ཕྱིར་འཁོར་བྱུང་། ལུས་པོ་རུད་ནས་ཤིང་ཐུར་དང་ཆ་མི་འཚལ་ཞིང་མིག་ཟུང་ལྐོག་ཏུ་ལྷུང་བ་དང་། གདོང་མདོག་ཆེས་ཆེར་སྐྱ་བོ་ཡིན། 

“མཚན་མོ་བདེ་ལེགས”ཞེས་ཁོ་སེམས་ཤུགས་ཉམས་བཞིན་སྐད་འཛེར་འཛེར་གྱིས་ཨ་ལན་བསློགས་ཞོར་ཁ་གསེག་ནས་འཛུམ་ཙམ་བྱས།ང་ཁོའི་གམ་དུ་བཅར་ནས་ནག་རབ་རིབ་ཀྱི་རྒྱ་མཚོ་ལ་ཅེར་བར་བྱས། མཚོ་ནང་ནས་མི་ཞིག་གིས་ང་ལ་ལག་བརྡ་བྱེད་ཀྱིན་ཡོད་པ་ཅི་བཞིན་རྒྱ་མཚོས་ང་ལ་དུས་རྒྱུན་དུ་བློ་མི་བདེ་བའི་ཚོར་བ་ཞིག་སྟེར། “དོ་དགོང་དངོས་གནས་ཁམས་དྭངས་མོ་ཞིག་མ་རེད”ངས་དེ་ལྟར་བཤད། 

“དེ་འདྲ་ཡིན་ནམ།”ཞེས་སྐྱེས་པ་དེས་བུད་ཤིང་སྐམ་པོ་དང་འདྲ་བའི་མཛུབ་མོ་རིང་པོས་སྐྲ་ཤད་ཤད་ཙམ་བྱས་ནས“ང་ནི་འདི་འདྲའི་མཚན་མོ་ལ་ཧ་ཅང་དགའ་བོ་ཡོད།      འདི་འདྲའི་མཚན་མོ་ཡིས་མི་ལ་རང་དབང་མེད་པར་སྐྲག་སློང་ཞིང་། དབང་མེད་དུ་ཤ་ཟིང་སྤུ་ཟིང་བྱེད་དུ་བཅུག དེ་ཆེས་ཆེར་སྤྲོ་སྣང་ལྡན་པ་ཞིག་མ་ཡིན་ནམ།”ཞེས་བཤད།      

དངོས་གནས་མི་མཚར་པོ་ཞིག་འདུག  ངས་ལྐོག་ཏུ་དེ་ལྟར་བསམས།

ངས་ཡང་བསྐྱར་སྐད་ཆ་མི་བཤད་པ་མཐོང་བ་ན། ཁོས་ང་ལ་འདྲི་རྒྱུར“ཁྱོད་ཀྱིས་ཤེས་སམ།གོ་ཐོས་སུ་གྲུ་གཟིངས་འདིའི་སྟེང་དུ་འདྲེ་ཡོད་པར་བཤད།”ཅེས་སྨྲས།

“འདྲེ་ཡིན་ནམ”ཞེས་ངས་ཕྱིར་ཁོར་དྲིས།

“ཨུན།ང་ཚོ་དང་འདྲ་བའི་ཡུལ་སྐོར་པ་ཞིག་རེད། ཁོ་དེ་སྔོན་གནས་འདི་ནས་རང་སྲོག་བཅད།དེ་ཡང་འདི་འདྲའི་ཚ་དུབ་ཆེ་ཞིང་རླུང་མེད་པའི་མཚན་མོ་ཞིག་ལ་ཁོ་བོས་རྒྱ་མཚོ་ལ་རྒྱང་མིག་ལན་ཅིག་འཕངས་རྗེས་བློ་རྡེག་ཏུ་མཚོ་ནང་ལ་ལྕེབས་པར་བྱས། འདི། གནས་འདི་ནས། ད་ལྟ་འུ་གཉིས་འགྲེང་འདུག་སའི་གནས་འདི་ནས……”ཞེས་བཤད་ཞོར་སྐྱེས་པ་དེས་ཕལ་ཆེར་ངའི་ནང་སེམས་ལ་ལྐོག་ལྟ་བྱེད་བསམས་པ་དང་འདྲ་བར་ལྐོག་སུད་སུད་ཀྱིས་འཛུམ་ཙམ་བྱས།

“གོ་ཐོས་སུ་ཆུ་ལས་བླངས་པའི་བེམ་པོ་ལ་གཡས་ལག་མི་འདུག་ཟེར།ཕལ་ཆེར་གྲུ་གཤོག་གི་འདབ་ལྷེ་ཡིས་བཅད་པ་ཡིན་ངེས།”

ངེད་གཉིས་ཀྱིས་ནག་རབ་རིབ་ཀྱི་རྒྱ་མཚོར་ཡུད་ཙམ་ལ་ཅེར།གྲུ་གཤོག་གིས་དཀྲུགས་པའི་ལྦུ་བ་དཀར་པོ་མཚོ་ངོགས་སུ་འཕྱུར་བྱུང་།

“དེའི་རྐྱེན་གྱིས་འདྲེ་དེ་བྱུང་བ་ཡིན་ནམ།”ངས་རང་ཉིད་ཀྱི་སྐད་ཅུང་ཙམ་འདར་སིག་སིག་བྱེད་ཀྱིན་པ་ཐོས། 

“དེའི་རྐྱེན་གྱིས་རེད། ཚང་མའི་བཤད་ན་ཁོས་བོར་སོང་བའི་རང་གི་གཡས་ལག་འཚོལ་ཀྱིན་འདུག་ཟེར། འདི་འདྲའི་ཚ་དུབ་ཆེ་ཞིང་། རྒྱ་མཚོ་རྒྱུན་ལྡན་ལས་ལྷིང་ཞིང་འཇགས་པའི་མཚན་མོར་ཁོ་གཅིག་པུ་ཕྱི་རུ་ཡོང་ནས་རྒྱ་མཚོ་ལ་རྒྱང་ལྟ་བྱས་རྗེས་ཡུད་ཙམ་གྱིས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་འགྲོ”ཞེས་འཆད་ཀྱིན་སྐྱེས་པ་དེས་རང་ཉིད་ཡལ་བར་འཇུག་པ་ལྟ་བུའི་བཟོ་ལྟ་ཞིག་བསྟན།

“འོན་ཏེ། ཁྱོད་ཀྱིས་ཁོས་ཅིའི་ཕྱིར་དུ་རང་སྲོག་བཅད་པ་ཤེས་སམ།”ཞེས་དྲིས། 

“རྒྱུ་རྐྱེན་ཅི་ཡང་ཡོད་པ་མ་རེད། ཁོ་བོས་གཞན་ལ་སྒོར་མོ་མི་ཆད་ཅིང་། བརྩེ་དུང་ཡང་ཡལ་མེད།……”སྐྱེས་པ་དེས་སྨིན་མ་བསྡུས་ནས་མིག་མདངས་ཐག་རིང་བའི་རྒྱ་མཚོའི་ཟབ་ས་རུ་འཕངས།

“ཕར་ཆེར……”ཞེས་ཁོས་བཤད་འདོད་ཀྱང་ཁ་མ་གྲག་མོད།   སླར་ཡང “ཕལ་ཆེར་རྒྱ་མཚོ་ལ་ལྟ་བའི་སྐབས་དེར། འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་ཚད་ལ་སུན་སྣང་སྐྱེས་ཏེ་མཚོ་ལ་ལྕེབས་ཤིང་། ནུས་ཤུགས་ཡན་གར་བ་ཞིག་གིས་ཁོ་བོ་མཚོ་ནང་དུ་འཐེན་སོང་བ་འདྲ། ངས་སེམས་ཁམས་དེ་འདྲ་ལ་རྒྱུས་ལོན་བྱེད་ཐུབ། གནས་འདི་ནས་ཡར་འགྲེང་ཙ་ན་དེ་འཕྲལ་དུ་ཡོད་ཚད་བརྗེད་སོང་ན་སྙམ་པ་ལྟ་བུ་ཞིག་ཏུ་གྱུར་ཏེ། མཚོ་མཐིལ་ནས་གཉིད་སྐྱིད་པོ་ཞིག་ལོག་འདོད་པ་ལས་བློ་ངོར་ཅི་ཡང་མི་ཤར། ཁྱེད་ཀྱིས་དེ་འདྲ་ཞིག་མི་སྙམ་མམ། ”

“རེད”ཅེས་ངས་ཤུགས་རིང་ཞིག་འབྱིན་ནས་བཤད་རྒྱུར“དེའི་རྐྱེན་གྱིས་མཚན་མོ་དེར་ང་རང་ལྕེབས་པར་བྱས་པ་ཡིན།”སྐྱེས་པ་དེས་ད་གཟོད་ང་ལ་གཡས་ལག་མེད་པ་ཚོར།