རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-22   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
ཕྱི་རོལ་ཏུ་འགུལ་སྐྱོད་བྱས་ན་བཟང་ཆ་གང་དག་ཡོད་དམ།
ཕྱི་རོལ་དུ་འགུལ་སྐྱོད་བྱས་ན་ངང་རྒྱུད་ཇེ་བཟང་དུ་འགྲོ་བ་རེད། རང་བྱུང་ཁམས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་སེམས་ཁམས་སྐྱིད་པོ་ཡོང་བར་བྱ་ངེས། དུས་རྒྱུན་གྱི་སློབ་སྦྱོང་དང་ལས་ཀའི་གནོན་ཤུགས་ལས་བྱུང་བའི་རྒྱུན་མཐུད་རང་བཞིན་གྱི་སྣང་ཚུལ་དེ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པའི་ཁྲོད་རིམ་གྱིས་མེད་པར་གྱུར་ནས། མི་རྣམས་ལ་འགན་འཁུར་ལྕི་མོ་ཞིག་མར་ཕོག་པའི་སྣང་བ་སྟེར།
ལུས་པོར་སྦྱོང་བརྡར་བྱས་ན་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་བྱས་ནས་གཟུགས་གཞི་བདེ་ཐང་དུ་གཏོང་ཐུབ། ཕྱི་རོལ་དུ་འགུལ་སྐྱོད་བྱེད་སྐབས་ལུས་སྟེང་གི་ཕྲ་ཕུང་ཚང་མའི་ཁ་ཕྱེས་ཡོད་ཅིང་། ལུས་སྟེང་གི་རླངས་རོ་རྒྱུན་མི་ཆད་པར་རང་བྱུང་ཁམས་ཀྱི་མཁའ་དབུགས་གསར་པ་དང་བརྗེ་རེས་བྱས་ཏེ། ལུས་སྟེང་གི་དུག་རྒྱུ་སེལ་ཚད་ཇེ་མགྱོགས་སུ་གཏོང་ཞིང་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་བྱེད་པ་རེད། དེའི་ཕྱིར། ཕྱི་རོལ་དུ་འགུལ་སྐྱོད་བྱས་ན་མིའི་ཁམས་དྭངས་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ལུས་པོ་ཇེ་བདེ་ནས་ཇེ་བདེར་འགྲོ་བས་སྤྲོ་བ་ཡོད་པའི་གྲོགས་པོ་ཚོས་ཕྱི་རོལ་དུ་ལུས་རྩལ་སྦྱོང་བར་འབད་པ་བྱེད་དགོས། དེ་ལྟར་བྱས་ན་གྲོགས་པོའང་ཡོད་ལ་ད་དུང་ཕན་ཚུན་བར་གྲོས་བསྡུར་དང་མིའི་བར་གྱི་འབྲེལ་འདྲིས་ཇེ་མང་དུ་གཏོང་ཐུབ།
གྲོགས་པོ་མང་པོ་བསྒྲིགས་ན་མིའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་མིག་རྒྱ་སྐྱེད་ཐུབ། ཕྱི་རོལ་དུ་འགུལ་སྐྱོད་བྱེད་པ་ནི་སྤྱིར་བཏང་དུ་ཁེར་རྐྱང་ངང་འགུལ་སྐྱོད་བྱེད་པ་ཞིག་མ་ཡིན་ཏེ། དུས་རྒྱུན་གྲོགས་པོ་ཚང་མ་མཉམ་དུ་བོས་ནས་མཉམ་དུ་འགུལ་སྐྱོད་བྱེད་པ་ཞིག་ཡིན་པ་དང་། ཕན་ཚུན་ལ་གཞོགས་འདེགས་བྱེད་ཆོག་པར་མ་ཟད། ད་དུང་སྤྲོ་བ་བསྐྱེད་ནས་ཕྱི་རོལ་གྱི་བྱ་འགུལ་སྣ་མང་ཅན་དུ་གཏོང་ཐུབ། ནམ་རྒྱུན་ཕྱི་རོལ་གྱི་བྱ་འགུལ་ཁྲོད། གྲོགས་པོ་ཕན་ཚུན་བར་གྱི་འབྲེལ་འདྲིས་བརྒྱུད་ནས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་པ་དང་། སྔར་ལས་ཀྱང་འཚོ་བའི་མྱོང་ཚོར་དང་ལས་ཀའི་ཉམས་མྱོང་མང་པོ་ཞིག་བརྗེ་རེས་བྱས་ཏེ་མིག་རྒྱ་བསྐྱེད་ཐུབ། དེས་ང་ཚོ་དཀའ་ཁག་དང་འཕྲད་དུས་ཞུམ་མེད་ཀྱི་སེམས་ཁམས་ཤིག་དང་བདེ་ཐང་གི་ལུས་པོ་ཞིག་ཡོད་དུ་འཇུག་པར་མ་ཟད། གཞན་ད་དུང་གྲོགས་པོའི་འབྲེལ་བ་བེད་སྤྱོད་དང་མཉམ་འབྲེལ་བྱེད་རྒྱུ་བསླབས་ནས་སྤྱི་ཚོགས་དང་འཚམ་པར་བྱེད་ཐུབ།
འཆམ་འཆམ་བྱེད་སྐབས་ཕྱོགས་གང་དག་ལ་གཟབ་དགོས།
ལུས་པོ་བདེ་ཐང་ཡིན་པའི་མི་ཞིག་མཚོན་ན། དུས་ཚོད་རེར་སྤྱི་ལེ་ལྔའི་ཡན་སོང་ན་ལེགས་ཤིང་། དལ་མོར་སོང་ན་ལུས་ཕུང་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་འགྲུབ་མི་ཐུབ། གོམ་པ་རིང་བོར་སྤོ་བ་དང་དཔུང་བས་ཤུགས་བསྐྱེད་པ། ལུས་ཡོངས་འགུལ་སྐྱོད་བྱས་ན་དོན་ལྔ་སྣོད་དྲུག་གི་བྱེད་ལས་ལེགས་སྒྲིག་དང་རྙིང་ཚབ་གསར་བརྗེ་བྱེད་ཐུབ་པར་མ་ཟད། གཞན་ཞོགས་པའམ་ཟ་མ་ཟོས་རྗེས་སྦྱོང་བརྡར་བྱས་ན་བཟང་ལ། ཉིན་རེར་ཐེངས་གཉིས་ནས་གསུམ་རེར་སྦྱོང་བརྡར་བྱེད་པ་དང་། ཐེངས་རེར་ཆུ་ཚོད་ཕྱེད་ཀའི་ཡན་སྦྱོང་བརྡར་བྱས་ན་བཟང་།
སྙིང་ནད་ཕོག་པའི་ནད་པས་སྦྱོང་བརྡར་བྱེད་སྐབས། གོམ་འགྲོས་མགྱོགས་མི་རུང་བར་སྙིང་ན་བར་གཡོལ་དགོས། དེར་བསྟུན་ཟ་མ་ཟོས་ནས་ཆུ་ཚོད་གཅིག་ཙམ་འགོར་རྗེས་ད་གཟོད་དལ་མོར་འགྲོ་རྒྱུ་དང་། ཉིན་གཅིག་ལ་ཐེངས་གཉིས་ནས་གསུམ་རེར་སྦྱོང་བ་དང། ཐེངས་རེར་ཆུ་ཚོད་ཕྱེད་ཀའི་ཡན་འགུལ་སྐྱོད་བྱེད་དགོས།
གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་མཁན་གྱིས་འགུལ་སྐྱོད་བྱེད་དུས་གང་ནུས་ཀྱིས་གོམ་པ་ཆེར་སྤོ་དགོས་ཤིང་། བྲང་ཁོག་དགྱེ་སྟེ་དཔུང་ཤེད་འདོན་པ་དང་གོམ་པ་ངར་བཞག་གིས་སྤོ་དགོས། ཟ་མ་ཟོས་རྗེས་འགུལ་སྐྱོད་བྱས་ན་ཁྲག་མངར་ཇེ་མཐོར་མི་འགྲོ་བར་ཕན་ལ། ཐེངས་རེར་དུས་ཚོད་ཕྱེད་ཀའམ་ཡང་ན་དུས་ཚོད་གཅིག་རིང་སོང་ན་འོས་འཚམ་ཡིན་ཡང་། གཤེར་མའི་ཕུང་རྩི་བཀོལ་ནས་སྨན་བཅོས་བྱེད་བཞིན་པའི་ནད་པར་མཚོན་ན། གཤེར་མའི་ཕུང་རྩིའི་བྱེད་ནུས་འདོན་པའི་གནད་འགག་གི་དུས་ཚོད་དང་གཡོལ་ན། ཁྲག་གི་མངར་ཆ་དམའ་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་ཐུབ། རྒྱུན་པར་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་འགུལ་སྐྱོད་བྱེད་དགོས་པར་མ་ཟད་འགུལ་སྐྱོད་བྱེད་ཡུན་ཆུ་ཚོད་གཅིག་ལས་བརྒལ་མི་རུང་།
ཁྲག་ཤེད་མཐོ་བའི་ནད་པས་གོམ་འགྲོས་འབྲིང་ཙམ་སྤོས་ནས་སོང་ན་འཚམས་ཤིང་། འགྲོ་དུས་ཁོག་སྟོད་ཡར་དགྱེ་ནས་འགྲོ་དགོས། དེ་ལྟར་མ་བྱས་ཚེ་བྲང་ཁོག་མར་མནན་ནས་སྙིང་གིས་བྱེད་ནུས་འདོན་པར་ཤུགས་རྐྱེན་ཐེབས་སྲིད། བགྲོད་སྐབས་རྐང་པའི་ལྡེམ་ཤུགས་ནུས་པ་བེད་སྤྱོད་ལེགས་པོ་བྱ་དགོས།།