བོད་ཀྱི་མཆོད་པ་ལས་མཆོད་མེ་བཤད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-30   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        མཆོད་མེ་ནི་དད་ཞེན་དང་ཡིད་ཆེས་ཡོད་པའི་ལྷ་སྐུའི་མདུན་སྟེགས་སུ་རྐོང་བུའི་ནང་མར་གཙང་མ་བཞུས་ཏེ་སྒྲོན་ནས་ཕུལ་ཅིང་འདོད་གསོལ་དང་སྨོན་ལམ་རྒྱག་པའི་ཆོ་ག་ཞིག་ཡིན།  བོད་མི་དད་ལྡན་ཚོས་མཆོད་མེ་ཕུལ་ན་གསོན་པོ་ལ་ན་ཚ་དང་སྡུག་བསྔལ་མེད་པ་དང་ཤི་བོའི་རྣམ་ཤེས་ལ་དག་པ་འོག་གསལ་གྱི་འགྲོ་ལམ་རྙེད་པར་འདོད་དེ་ཕྱུག་པོ་རྣམས་ཀྱིས་གསེར་དང་དངུལ་གྱིས་རྐོང་བུ་བརྡུང་ནས་རང་ཁྱིམ་གྱི་མཆོད་ཁང་དུ་མར་མེ་འབུལ་བ་དང་ཡང་ན་བཞུ་མར་མང་བོ་དང་བཅས་དགོན་པའི་འདུ་ཁང་དུ་འབུལ་བ་རེད།  ཐ་ན་དབུལ་ཁྱིམ་ཞིག་ཡིན་ཡང་ཡོད་པའི་མར་གྱིས་མཆོད་མེའི་ཁ་གསོ་བྱེད་ལ་སེར་སྣ་མི་བྱེད།

        རྐོང་བུའི་ཆ་ནི་གསེར་དངུལ་ཟངས་ལྕགས་དཀར་ཡོལ་སོགས་ཡིན་ལ་ཆེ་ཆུང་སྣ་ཚོགས་ཡོད་དེ་ཆུང་བ་ཁྱོར་གང་གི་ཚད་དང་ཆེ་བ་མཁར་རྫོང་ངམ་ཟངས་ཆེན་ལྟ་བུ་ཡོད།  སྔོན་ཆད་མཇལ་སྐོར་དུ་ཕྱིན་ན་ལྷ་སའི་ཇོ་བོའི་མདུན་ན་གཟིམ་རྒྱུ་མེད་པར་འོད་ལམ་ལམ་དུ་འབར་བ་ནི་མར་གྱི་སྣུམ་ཁུ་འཁྱིལ་བའི་མཆོད་མེ་ཁོ་ན་ཡིན་ཞིང་།  ཁ་རླངས་མཆོར་བ་ལ་སེམས་ཆུང་བྱེད་དགོས་ལ་གོམ་པའང་དལ་གྱིས་བགྲོད་དགོས།  དེ་ལྟར་མ་བྱས་ན་མཆོད་མེ་མི་གཙང་བར་འགྱུར་བའམ་བཅིང་འགྲོ་བས་དད་ལྡན་ཚོས་དབུགས་ཀྱི་གཏོང་ལེན་ལ་ཡང་ཤིན་ཏུ་གཟབ་གཟབ་བྱེད།  དེང་སང་དམར་འོད་ལམ་ལམ་དུ་འཁྱུགས་པའི་གློག་གི་མཆོད་མེའང་ཡོད།

        བླ་བྲང་བཀྲ་ཤིས་འཁྱིལ་དུ་གསར་བཞེངས་བྱས་པའི་གུང་ཐང་ཚང་གི་མཆོད་རྟེན་མཐོང་གྲོལ་ཆེན་མོའི་ཁེར་ཐོག་གི་ནང་བསྐོར་ན་མཆོད་མར་བརྒྱ་ཕྲག་ཙམ་ཡོད་པ་དེ་དག་ནི་གློག་ལ་བརྟེན་ནས་བྱུང་བ་ཡིན་ཞིང་ཁ་རླངས་ཕོག་ཀྱང་ཉེས་པ་མེད་ཟེར་ལ།  གཙང་མ་ཞིག་ཀྱང་ཡིན་པར་མ་ཟད།  མར་དང་གློག་གི་མཆོད་མེའི་ཕན་ཡོན་ཡང་འདྲ་བར་བཤད།