རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-04   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།
ཟླ་5ཚེས་1ཉིན《བདེན་འཚོལ》དུས་དེབ་འདོན་ཐེངས་དགུ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན》ཞེས་པ་བཏོན་པ་རེད།
གསུང་རྩོམ་ནང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐད་ཀྱི་ལྟ་སྟངས་དང་བཞེད་དོན་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་བྱས་པ་དང་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་རྒྱལ་ཁབ་ཁག་གི་མི་དམངས་དབར་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས། འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱེད་པའི་འབྲེལ་ཐག་བཅས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
གསུང་རྩོམ་ནང་བསྟན་དོན། ཤེས་དཔལ་ནི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་ཕུན་སུམ་ཚོགས་སུ་ཕྱིན་པ་ཞིག་རེད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བར་ཡང་དག་པའི་རྣམ་འགྱུར་འཛིན་སྟངས་དང་རྩ་དོན་མཐའ་འཁྱོངས་བྱེད་དགོས། གཅིག་ནས་ཤེས་དཔལ་ནི་ཕུན་སུམ་ཚོགས་པོ་ཞིག་ཡིན་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཕུན་སུམ་ཚོགས་པོ་ཡོད་པའི་རྐྱེན་གྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་རིན་ཐང་ལྡན་ཡོད། མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་གསར་གཏོད་དང་འཕེལ་རྒྱས་བཏང་ཡོད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་ལས་མིའི་རིགས་ཀྱི་ཤེས་དཔལ་ཕུན་སུམ་ཚོགས་སུ་ཕྱིན་ནས་རྒྱལ་ཁབ་ཁག་གི་མི་དམངས་ནང་དོན་དེ་བས་ཕྱུག་པའི་བསམ་པའི་འཚོ་བ་ལོངས་སྤྱོད་ཐུབ་པ་དང་དེ་བས་གདམ་ག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ། གཉིས་ནས་ཤེས་དཔལ་ནི་འདྲ་མཉམ་ཡིན་པ་དང་མིའི་རིགས་ཀྱི་ཤེས་དཔལ་འདྲ་མཉམ་ཡིན་པའི་རྐྱེན་གྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྔོན་འགྲོའི་ཆ་རྐྱེན་ལྡན་ཡོད།
མིའི་རིགས་ཀྱི་ཤེས་དཔལ་སྣ་ཚོགས་ཚང་མར་དགེ་མཚན་མི་འདྲ་བ་ཡོད་པ་ལས་མཐོ་དམན་དང་ཡག་ཉེས་ཀྱི་དབྱེ་བ་མེད། ཤེས་དཔལ་སྣ་ཚོགས་ཀྱི་དོན་དམ་པ་ཤེས་རྟོགས་བྱེད་དགོས་ཚེ་ངེས་པར་དུ་འདྲ་མཉམ་དང་ཁེངས་སྐྱུང་གི་རྣམ་འགྱུར་འཛིན་དགོས། ཁེངས་དྲེགས་དང་ཕྱོགས་ཞེན་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་འགོག་རྐྱེན་ཆེ་ཤོས་དེ་རེད། གསུམ་ནས་ཤེས་དཔལ་ནི་ཁོང་ཡངས་ཡིན་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཁོང་ཡངས་ཡིན་པའི་རྐྱེན་གྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྒུལ་ཤུགས་ལྡན་ཡོད། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚེ་གཞི་ནས་ཤེས་དཔལ་ལ་སྐྱེ་སྟོབས་ཀྱིས་ཁེངས་ཐུབ། ཁོང་ཡངས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ན“ཤེས་དཔལ་གྱི་གདོང་ཐུག”ཐོན་མི་སྲིད་པ་དང་ཤེས་དཔལ་མཐུན་སྦྱོར་ཡོང་ཐུབ།
གསུང་རྩོམ་ནང་བསྟན་དོན། ཀྲུང་ཧྭའི་ཤེས་དཔལ་གྱིས་ལོ་5000ལྷག་ཙམ་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་བརྒྱུད་མོད། འོན་ཀྱང་སྔ་ཕྱི་བར་གསུམ་དུ་གཅིག་རྒྱུན་གཅིག་འཛིན་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་རིམ་གྱི་བསམ་པའི་དོན་གཉེར་གྱིས་ཕྱུག་ཅིང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མཚོན་ནས་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་ཉམས་པ་མེད་པ་དང་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་འཚོ་བཅུད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད། ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་ཐོན་པའི་ཤེས་དཔལ་ཞིག་ཡིན་ལ་ཤེས་དཔལ་གཞན་དག་དང་ཟམ་མི་ཆད་པར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་ཆགས་པའི་ཤེས་དཔལ་ཞིག་ཀྱང་རེད།
གསུང་རྩོམ་ནང་བསྟན་དོན། དེང་གི་འཛམ་གླིང་འདིར་མིའི་རིགས་རིག་གནས་དང་། རིགས་རྒྱུད། ཤ་མདོག ཆོས་ལུགས། སྤྱི་ཚོགས་ལམ་ལུགས་བཅས་མི་འདྲ་བ་ལས་གྲུབ་པའི་འཛམ་གླིང་ཐོག་འཚོ་སྡོད་བྱེད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་ཡོད། ང་ཚོས་ཤེས་དཔལ་མི་འདྲ་བར་ནམ་མཁའ་ལས་ཀྱང་ཡངས་བའི་སེམས་པ་བཅངས་དགོས། ང་ཚོས་ཤེས་དཔལ་མི་འདྲ་བའི་ཁྲོད་བློ་རིག་དང་འཚོ་བཅུད་འཚོལ་བསྡུ་བྱས་ཏེ་མི་རྣམས་ལ་བསམ་པའི་འདེགས་སྐྱོར་མཁོ་འདོན་དང་སེམས་ཁམས་ཀྱི་གསོས་སུ་སྨིན་པ་དང་ལག་གདང་སྦྲེལ་ནས་མིའི་རིགས་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་དགོས།