བོད་ཀྱི་ཡིག་གཟུགས་མཁས་ཅན་དགེན་དཔག་བསམ་དོན་གྲུབ་ཀྱི་གནས་ཚུལ་ཆེད་བཀོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     དཔག་བསམ་དོན་གྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། ཁོས་བགྲང་བྱ་སུམ་ཅུ་ཙམ་གྱི་དུས་ཡུན་རིང་མོའི་ཁྲོད་དུ། གནའ་དཔེ་དང་དཔྱད་གཞི་ཡིག་ཆ་གང་མང་ནས་འཚོལ་བསྡུ་དཔེ་ཀློག་བྱས་ཤིང་། བོད་ཡིག་བྲིས་གཟུགས་ཐད་ལ་སྦྱོང་བ་དང་ཞིབ་འཇུག་གིས་བརྩོན་པའི་རྒྱུན་བསྐྱངས།  ལྡེབས་རིས་དང་། པར་ཤིང་། རྡོ་རིང་གི་ཡི་གེ་སོགས་ལ་འཚོལ་ཞིབ་བྱས་ཤིང་། བོད་རིག་པའི་ཆེད་མཁས་དང་། མཁས་དབང་དག་གི་མཛུབ་སྟོན་འོག་ནས་བོད་ཁུལ་གྱི་ས་ཆ་གང་མང་དུ་དངོས་སུ་རྟོག་ཞིབ་ཀྱི་གོ་སྐབས་ཐོབ་པ་དང་། སྒྱུ་རྩལ་ལ་དགའ་ཞིང་རང་ས་རང་ཡུལ་གྱི་རིག་གནས་ཀྱི་འགན་འཁྲི་དང་དུ་བླངས་ནས་བགྲང་བྱ་གང་མང་གི་རིང་ལ་བརྩོན་པ་བསྐྱེད་པའི་གྲུབ་འབྲས་སུ་སྲོལ་རྒྱུན་བརྒྱུད་འཛིན་དང་སྔོན་མེད་གསར་གཏོད་རང་བཞིན་གྱི་བྲིས་གཟུགས་ཕྱོགས་བསྡུས་ཀྱི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་མང་བོ་ཡོད་པ་རེད། 

♬  སློབ་ཁྲིད། 

དཔག་བསམ་དོན་གྲུབ་ཀྱིས་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ལ་བོད་ཡིག་གི་ཐོག་མའི་འབྲི་སྟངས་སྐོར་གྱི་སློབ་ཁྲིད་གནང་བཞིན་པ།


♬ ཆེད་ཁྲིད།

དཔག་བསམ་དོན་གྲུབ་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཆེད་འཁྲིད་གནང་བཞིན་པ། 

དཔག་བསམ་དོན་གྲུབ་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཆེད་འཁྲིད་གནང་བཞིན་པ། 

 ཆེད་འདྲི། 

དཔག་བསམ་དོན་གྲུབ་ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་ལ་ཞུགས་ཡོད་པ། 

དཔག་བསམ་དོན་གྲུབ་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡའི་ལེ་ཚན་ལ་ཞུགས་ཡོད་པ། 

འབྲེལ་བ།

སི་ཁྲོན་ཞིང་ཆེན་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་བའི་ཐོག་དཔག་བསམ་དོན་གྲུབ་ཀྱིས་རང་གི་ཡིག་གཟུགས་བརྩམས་ཆོས་ཡངས་གླིང་རྡོ་རྗེ་མཆོག་ཕུལ་བཞིན་པ། 

ཧེ་ནན་ཞིང་ཆེན་གྱི་ཧྲུའུ་ཅི་ལན་ཧེ་ཨན་དང་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་དང་ལྷན་དུ་ཡོད།

ཀྲུང་གོ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དང་མཉམ་དུ་ཡོད་པ།

ཧྲེང་ཧེ་ནས་བརྩམས་ཆོས་འགྲེམ་སྟོན་སྐབས་ཧྲེང་ཧེ་གྲོང་ཁྱེར་གྱི་གྲོང་དཔོན་གཞོན་པ་ཀྲོ་ཝུན་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ངོ་སྤྲོད་བྱེད་བཞིན་པ།

བོད་ཀྱི་གེ་སེར་རིག་གཞུང་གི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་མཉམ་དུ་ཡོད་པ།

ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ལུའུ་ཡུན་དང་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་དཔལ་ལྡན་དང་ལྷན་དུ་ཡོད་པ། 

ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་ལི་རའུ་དབྱང་དང་མཉམ་དུ་ཡོད་པ།

 

♬  བརྩམས་ཆོས། 

དཔག་བསམ་དོན་གྲུབ་མཆོག་གིས་བྲིས་གནང་མཛད་པའི་གངས་ཅན་ཡིག་གཟུགས་ཀུན་བཏུས་ཞེས་པ།

དཔག་བསམ་དོན་གྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ། 



དཔག་བསམ་དོན་གྲུབ་ཀྱི་ཡིག་གཟུགས་བརྩམས་ཆོས་ཁག་ཅིག 

♬  བྱ་དགའ།

དགེ་རྟག་གཞས་ཚིག་གི་བོད་ཡིག་ཞལ་ཐང་རིང་མོ་ལ་འཛམ་གླིང་ཟིན་ཐོ་གསར་བའི་བྱ་དགའ་ཐོབ།

སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་བླངས་པའི་བྱ་དགའ་ཐོབ། 

ཀྲུང་གོའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་གསེར་གྱི་བྱ་དགའ་ཐོབ།

  ངོ་སྤྲོད།

དཔག་བསམ་དོན་གྲུབ།

     དགེ་རྒན་དཔག་བསམ་དོན་གྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ཡིག་གཟུགས་ལ་མཁས་རིགས་ཡོད་པའི་ཁྱིམ་དུ་ལྟེ་ཁྲག་འཕོས་ཤིང་། ཆུང་དུས་ནས་རང་རིགས་ཀྱི་སྐད་ཡིག་ལ་བག་ཆགས་ཟབ་མོ་ཡོད་པས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་དམིགས་བསལ་གྱི་དགའ་ཞེན་ཆེན་པོ་ཡོད།ཁྱད་པར་དུ་ཁོང་གི་ཞང་པོ་དང་མེས་མོ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལོ་དྲུག་ཙམ་ནས་སམ་ཊ་སྟེང་དུ་སྨྱུག་བྲིས་ལ་སྦྱངས་ཤིང་། ལོ་བཅུ་གསུམ་གྱི་སྟེང་དུ་དཀར་མཛེས་དགེ་འོས་སློབ་གྲྭའི་ནང་རྒྱུགས་འཕྲོད། དེ་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ཡིག་གཟུགས་འདྲ་མིན་ལ་ངེས་པར་དོན་གྱི་མཁས་པ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་བཀྲ་ཤིས་དོན་འགྲུབ་དང་། ཤེས་བྱ་ཀུན་ལ་མཁྱེན་སྤྱན་ཡངས་པའི་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོ་སོགས་ཀྱི་དྲུང་ནས་འབད་པ་ཆེན་པོས་ཡིག་གཟུགས་ལེགས་པོར་སྦྱངས་པ་དང་། དེ་རྗེས་དར་མདོ་མི་རིགས་ལས་བྱེད་སློབ་གྲྭའི་སྨྱུག་ཐོགས་པ་སྐལ་བཟང་ཆོས་འཕེལ་དང་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ་སོགས་ཀྱིས་ངག་ཐོག་དང་ལག་ལེན་གང་ཐད་ནས་རིན་ཐང་བྲལ་བའི་མཛུབ་སྟོན་ལེགས་པོར་གནངས་བས་བྲིས་གཟུགས་འདྲ་མིན་ཐད་ལ་རིག་གནས་དང་སྒྱུ་རྩལ་གྱི་རྩ་བ་བརྟན་པོར་ཚུགས།

    དགེ་རྒན་དཔག་བསམ་དོན་གྲུབ་ཀྱིས་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ། དེ་བཞིན་རྫོང་རིམ་པའི་འགྲན་བསྡུར་གྱི་ཁྲོད་དུ་བོད་ཡིག་གི་བྲིས་གཟུགས་དང་། དཔྱད་རྩོམ་མང་པོ་ལ་བྱ་དགའ་ཐོབ་ཅིང་དུས་དེབ་ཁག་གི་ནང་བཀོད་ཡོད་པ་དང་།ཁོང་གི་ཡིག་གཟུགས་རྣམས་སྔ་ཕྱི་རུ་དར་མདོ་དང་། ཙི་དབྱང་། ཁྲེན་ཏུའུ། ཧྲང་ཧའེ།ཧྲེན་ཀྲེན་གྲོང་ཁྱེར་སོགས་སུ་བཤམས་སྟོན་བྱས་པས་བྲིས་གཟུགས་ལ་དགའ་བའི་དཔྱད་ལྡན་མང་པོས་གདེང་འཇོག་ལེགས་པོར་བྱས།

     དགེ་རྒན་དཔག་བསམ་དོན་གྲུབ་ཀྱིས་བྲིས་པའི་《ལྕགས་སྨྱུག་གིས་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི་》དང་།《ཆུང་འབྲིང་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས་》巜གངས་ཅན་ཡིག་གཟུགས་ཀུན་བཏུས》བཅས་དེབ་གསུམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་དཔར་བསྐྲུན་བྱས་ཤིང་རྒྱ་ཆེ་དགེ་སློབ་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱིས་མཐའ་རྒྱན་སྤྲས་པའི་བྲིས་གཟུགས་རྣམས་ལ་རྒྱ་ཆེའི་ཤེས་ཡོན་པས་ལེགས་བསྟོད་ཀྱི་གདེང་འཇོག་ཚད་མཐོན་པོར་བྱས་ཤིང་། བོད་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་སྲི་ཞུ་གང་ཐུབ་བྱས་པ་རེད།

     དགེ་རྒན་དཔག་བསམ་དོན་གྲུབ་ཀྱིས་བགྲང་བྱ་སུམ་ཅུ་ལ་ཉེ་བའི་རིང་དུ་བོད་ཀྱི་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱས་ཤིང་།ཁྱད་པར་དུ་བོད་ཀྱི་སྨྱུག་ཐོགས་པ་གྲགས་ཅན་ས་སྐྱ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་དོན་འགྲུབ་ཀྱི་ཡིག་ཚུགས་སྒྱུ་རྩལ་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ལེགས་པོར་ཐོབ་པ་མ་ཟད། ཁོང་གིས་ཁམས་རིས་མཛེས་རྩལ་ཅན་གསར་གཏོད་བྱས་པ་དང་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡའི་ལེ་ཚན་དང་ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་སོགས་ཀྱི་གདན་འདྲེན་ཞུ་བ།ཁྱད་པར་དུ་དགེ་རྒན་གྱིས་བྲིས་པའི་ཡིག་གཟུགས་ཞལ་ཐང་རིང་མོ་ལ་ཧྲ་ཧེའེ་ཅིས་ནས་སྲི་ཆེས་རིང་བའི་ཡིག་གཟུགས་ཀྱི་བྱ་དགའ་ཐོབ་པ་དང་རྒྱལ་སྤྱི་ཧྲེན་ཀྲེན་རིག་དངོས་བཤམས་སྟོན་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་།

     བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་སོགས་རིམ་པ་མི་གཅིག་པའི་གཟེངས་བསྟོད་རིགས་༣༠ལྷག་ཐོབ་པ་རེད།

     དགེ་རྒན་དཔག་བསམ་དོན་གྲུབ་ནི་ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་དང་སི་ཁྲོན་ཞིང་ཆེན་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་ལས་འཛིན།སི་ཁྲོན་ཞིང་ཆེན་ཡོངས་ཀྱི་“ཕུལ་བྱུང་རིག་གནས་དང་ལེན་པ་བཅུ”ཡི་མཚན་སྙན་དང་།སློབ་འབྲིང་གི་མཐོ་རིམ་དགེ་རྒན། དཀར་མཛེས་ཁུལ་བགྲེས་པོ་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་བོད་ཡིག་གི་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ཞིང་། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནངས་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།