བོད་ཀྱི་མཐའ་མཚམས་གྲོང་སྡེ་བུ་ཕ་གྲོང་ཚོའི་འཚོ་བ་གསར་པ།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-07   རྩོམ་ཁུངས།    གངས་ལྠོངས་ཉི་གཞོན་དྲྭ་བ།
འདི་ནི་བུ་ཕ་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།
ད་ཆ་དུས་ཡུན་སྐར་མ་ཉི་ཤུའི་ཐོག་གྲོང་རྡལ་དུ་འབྱོར་བ་དང་ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་རྫོང་གྲོང་དུ་འབྱོར་བས། རྒན་རྒོན་ནད་བསྟེན་པ་དང་བྱིས་པ་སློབ་གྲྭར་སྐྱོད་པར་ཧ་ཅང་སྟབས་བདེ་པོ་འདུག སྲིད་གཞུང་གིས་ང་ཚོར་ཕ་ཡུལ་གསར་པའི་རྨང་གཞི་ཡག་པོ་གཏིང་རོགས་བྱས་ཟིན་པས་རྗེས་སོར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་རྒྱུ་རེད”ཅེས་རྒྱ་ཆེ་བའི་ཁང་པ་གསར་པའི་ནང་བག་ཕེབས་ངང་འཚོ་བའི་ལོ་43ལ་སོན་པའི་ལྷ་ཕྲུག་གིས་སེམས་འགུལ་ཐེབས་བཞིན་དུ་བཤད།
ལྷ་ཕྲུག་འཚོ་སྡོད་བྱེད་སའི་བུ་ཕ་གྲོང་ཚོ་དེ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་གནས་པ་དང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་ཡོད། གྲོང་ཚོ་དེ་ལོ་བཞིའི་གོང་དུ་ད་ཆའི་བུ་ཕ་གྲོང་ཚོ་གནས་ས་ནས་ཐད་ཀའི་བར་ཐག་སྤྱི་ལེ་150སའི་ཚ་བ་རོང་ཤང་གི་གྲོང་ཚོ་ཞིག་ཡིན་པ་དེ་རྒྱལ་མོ་རྔུལ་ཆུའི་རོང་སའི་རི་སྐེད་དུ་ཆགས་པ་དང་། རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་ཐོན་མང་བ་གང་ཞིག ཆུ་དང་གློག་མེད་པ་དང་མི་ཕྱུགས་མཉམ་དུ་སྡོད་དགོས་པས། གྲོང་མིའི་འཚོ་བ་དཀའ་ཚེགས་ཆེ་ལ་སྟབས་བདེ་པོ་མེད།
“སྐབས་དེ་དུས་ཡུན་ནན་གོང་ཧྲན་རྫོང་གྲོང་དང་བར་ཐག་ཅུང་ཉེ་ཡང་ཉིན་བཞི་འགོར་བ་དང་རྫ་ཡུལ་རྫོང་གྲོང་བར་དུ་ཉིན་དགུ་འགོར་གྱི་ཡོད་པས། ན་ཚ་ཆུང་ཙག་ཕོག་སྐབས་སྡུག་རུས་རྒྱག་རྒྱུ་དང་། ནད་ཆེན་ཕོག་སྐབས་གཞན་ལ་སྨན་ཉོ་རྒྱུ་མངགས་དགོས། འུ་ཐུག་ཐབས་ཟད་སྐབས་སུ་དྲེལ་གླས་ནས་ཐག་ཤུད་གློད་དེ་ནད་བཅོས་པར་འགྲོ་དགོས”ཞེས་ལོ་ང་བཞིར་སོན་པའི་བུ་ཕ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨ་ཏིག་གིས་གསར་འགོད་པར་བཤད།
2015ལོར་སྲིད་གཞུང་གི་རོགས་རམ་འོག་བུ་ཕ་གྲོང་ཚོ་དང་ཉེ་འཁོར་གྱི་གྲོང་ཚོ་5ཡི་གྲོང་མི་དུད་ཚང་63མཉམ་དུ་ད་ཆའི་གནས་ཡུལ་དུ་སྤོས་ནས་ཟླ་སྒྲིལ་བཏང་སྟེ“བུ་ཕ་གྲོང་ཚོ”གསར་པ་བཙུགས། གྲལ་སྒྲིག་ལ་སྲ་ཞིང་བརྟན་པའི་ཁང་གསར་དང་། ཆུ་དང་གློག་མཁོ་འདོན་གྱི་མ་ལག སྟབས་བདེ་ལ་ཁོད་སྙོམས་པའི་གཞུང་ལམ། ས་ཁོད་སྙོམས་ཟིན་པའི་ས་ཞིང་སོགས“ལྟོ་ཕད་ཁུར་ནས་སྡོད་ཆོག་ཆོག”ཡིན་པས། ཕ་ཡུལ་ནས་ཁ་འབྲལ་མ་ཕོད་པའི་རྒན་རྒོན་མང་པོ་ཞིག་གིས“དེ་གར་དེ་སྔོན་ལས་ལྡབ་ཀྱིས་སྐྱིད་པ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
ལྷ་ཕྲུག་ཁྱིམ་ནས་བྱང་གི་སྨི་50སར་བུ་ཕ་གྲོང་ཚོའི་བུ་བཅོལ་ཁང་སྐྲུན་བཞིན་ཡོད། གསར་འགོད་པས་རྒྱལ་སྒོ་ནས་ཡར་ལྟ་སྐབས་ཚོན་ཁྲ་ཅན་གྱི་འགྱིག་གདན་འདིང་བཞིན་ཡོད་པ་དང་། ཤུད་སྐས་དང་འདེགས་འབེབས་རྩེད་ཤིང་སོགས་ཁང་ཕྱིའི་རོལ་རྩེད་སྒྲིག་བཀོད་སྒྲིག་སྦྱོར་བྱེད་ཆོག་ཆོག་རེད་འདུག བུ་ཕ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལི་ཅེས་གསར་འགོད་པར། བུ་བཅོལ་ཁང་ལོ་འདིའི་ནང་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་ཡིན་པས། སྐབས་དེ་དུས་བུ་ཕ་གྲོང་ཚོ་དང་དེ་མིན་ཉེ་འཁོར་གྱི་གྲོང་ཚོའི་ན་ལོན་བྱིས་པ་བུ་བཅོལ་ཁང་དུ་བསྡུ་རྒྱུ་རེད་ཅེས་བཤད།
“སྤོ་ཐུབ་པ”དང“གཞིས་ཆགས་ཐུབ་པ”དགོས་པ་མ་ཟད། ད་དུང“ཕྱུག་འགྱུར་ཐུབ་པ”དགོས་ཤིང་། བུ་ཕ་གྲོང་ཚོར་སི་ཁྲོན་བུའུ་ཅང་ནས་ཁམ་བུ་སྨི་ཧོའུ་ཐའོ་ཡི་སྡོང་ཕྲུག་དང་ཆེད་ལས་དོ་དམ་ཚོགས་པ་གདན་འདྲེན་ཞུས་ཏེ། ས་རྒྱ་མུའུ་370ལྷག་གི་ཁམ་བུ་སྨི་ཧོའུ་ཐའོ་གླིང་ཁ་དེ་2016ལོ་ནས་དངོས་སུ་འདེབས་འགོ་ཚུགས་ཟིན། “ལོ་གསུམ་རིང་འབྲས་བུ་འདོགས་པ་དང་ལོ་ལྔའི་རྗེས་ཐོན་ལེགས་ཡོང”ཟེར་བ་ལྟར་ཁམ་བུ་སྨི་ཧོའུ་ཐའོ་ལྡུམ་རར་འདི་ལོ་ནས་བཟུང་ཁེ་བཟང་ཡོང་རྒྱུ་ཡིན་པས། སྔོན་རྩིས་བྱས་ན། ཐོན་ལེགས་ཡོང་དུས་སུ་ལོར་ཐོན་འབབ་ཏུན་370ཟིན་བཟོ་ཡོད།
ལི་ཅེས་གསར་འགོད་པར། ཁམ་བུའི་ལྡུམ་རར་ལས་ཀ་བྱེད་མཁན་གྲོང་མི་མི་རེར་ཉིན་རེར་ཡོང་འབབ་སྒོར་150ནས་180བར་ཡོད་པ་མ་ཟད། ད་དུང་ལས་ཀ་བྱེད་ཞོར་ཁམ་བུ་སྨི་ཧོའུ་ཐའོ་འདེབས་སྟངས་ཀྱི་ཆེད་ལས་ཤེས་བྱ་སྦྱོང་ཐུབ། འདི་ལོ་ནས་བཟུང་། བུ་ཕ་གྲོང་ཚོའི་གྲོང་མི་མི་རེར་ལོ་རེར་ཁམ་བུ་སྨི་ཧོའུ་ཐའོ་མུའུ་རེ་ནས་བགོ་འགྲེམས་སྒོར་400རེ་ཡོང་རྒྱུ་ཡིན་པ་མ་ཟད། ད་དུང་ལོ་རེ་བཞིན་འཕར་རྒྱུ་རེད། ལོ་རེར་ས་ཞིང་ནང་བཤུག་བཏང་བ་ལས་མུའུ་རེ་ནས་ཡོང་འབབ་སྒོར་800ཡོང་བ་བརྩིས་ན། ཁམ་བུ་སྨི་ཧོའུ་ཐའོ་ལྡུམ་ར་དེ་གྲོང་མི་ཚོའི་ཡོང་འབབ་འབྱུང་ཁུངས་གལ་ཆེན་དུ་འགྱུར་བཞིན་ཡོད་ཅེས་ཟེར།