སྐད་གྲགས་ཆེ་བའི་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-13   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

                               

                                             སྐ་བ་དཔལ་བརྩེགས།

    ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་བོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལས།རབ་བྱུང་གི་གཞི་སོགས་གཞི་བཅུ་བདུན་ལ་ཁྱོན་བམ་པོ་བརྒྱ་དང་དགུ་བ། དགེ་སློང་མའི་རྣམ་འབྱེད་ཤླཽ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ།འཁོར་ལོ་བར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་གྱི་ཚིགས་སུ་བཅད་པ་སྡུད་པ་བམ་པོ་ཕྱེད་དང་གཉིས་པ།འཁོར་ལོ་ཐ་མ་དཀོན་བརྩེགས་ལས། སྒོ་མཐའ་ཡས་པ་རྣམ་པར་སྤྱད་པའི་ལེའུ་བམ་པོ་བཞི་བ།མདོ་མང་སྐོར་ལས། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཤླཽ་ཀ་བརྒྱ་ཉི་ཤུ་བ།འཕགས་པ་མིའམ་ཅིའི་རྒྱལ་བོ་སྡོང་བོས་ཞུས་པ་བམ་པོ་བཅོ་ལྔ་བ་ལོ་ཙཱ་བ་དཔལ་གྱི་ལྷུན་པོ་དང་ལྷན་དུ་བསྒྱུར།འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བའི་མདོ་ཤླཽ་ཀ་སུམ་ཅུ་བ། འཕགས་པ་སངས་རྒྱས་འགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ་ལོ་ཙཱ་བ་དཔལ་དབྱངས་དང་ཟུང་དུ་བསྒྱུར།འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆིན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་བ་སོགས་བསྒྱུར།སྔགས་ཕྱོགས་སྐོར། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་བ་བྱིན་གྱིས་བརླབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་བོ་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་པ།དེའི་རྒྱུད་ཕྱི་མ་རིམ་པར་ཕྱེ་བ་བདུན་པ་དང་བཅས་པ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལེའུ་མེད་པ།འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་བོ་སྔགས་དང་བཅས་པ་བམ་པོ་གཉིས་པ་ཡེ་ཤེས་སྙིང་བོ་དང་ཟུང་དུ་བསྒྱུར་ཅིང་ཞུས།བསྟན་འགྱུར་ལས། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ།དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་མཛད་པ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ་གཉིས་མང་དུ་ཐོས་པའི་སློབ་དཔོན་ཞི་བ་ཚོས་མཛད་པ།རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་ཤྲཱི་བུདྡྷཱ་གུ་ཧྱས་མཛད་པ།འདི་ལ་ཤླཽ་ཀ་ཉིས་སྟོང་སུམ་བརྒྱ་ཡོད། བྱ་བ་སྤྱིའི་རྒྱུད་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ།རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་ཞུས་གནང་བའི་བཀའ་བསྟན་ཤིན་ཏུ་མང་ངོ་།།

                                           ཅོག་རོ་ཀླུའི་རྒྱལ་མཚན། 

    ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་བོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ་ཤླཽ་ཀ་བདུན་བརྒྱ།བམ་པོ་གཉིས་པ། དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤླཽ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་པ།དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་ལོ་ཐར་གྱི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ།བསྟན་འགྱུར་ལས། མི་འཁྲུགས་པའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ།རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྲེང་བ་བཀོད་པ་རྒྱ་གར་གྱི་མཁན་པོ་སྠི་ར་མ་ཏིས་ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས་ངེས་དོན་མདོར་བསྡུས་ཏེ་མཛད་པ།དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤོ་ལོ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ཕྱེད་དང་གཉིས་སུ་བྱས་སོ།། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པ་ལི་ཏ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ།དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ་སོགས་དགོང་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་པ་བམ་པོ་བཞི་བཅུ་པ་དང་།ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་གལ་སོགས་བཀའ་བསྟན་ཤིན་ཏུ་མང་བོ་བསྒྱུར་ཏོ།།

                                          ཞང་ཡེ་ཤེས་སྡེ། 

      ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། འདི་ཉིད་ཀྱི་འགྱུར་ལ། བཀའ་བར་པ་ཤེར་ཕྱིན་གྱི་སྐོར་ལ།ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཡུམ་འབྲིང་བོ་སྟོང་ཕྲག་ཉི་ཤུ་ལྔ་བ། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ།ཤེས་རབ་ཁྲི་བ་བམ་པོ་སུམ་ཅུ་རྩ་བཞི་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ།ཤེར་ཕྱིན་ལྔ་བརྒྱ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་བར་གྲགས་པ་རྡོ་རྗེ་གཅོད་པ་སོགས་དང་།འཁོར་ལོ་ཐ་མར་གཏོགས་པ། མདོ་སྡེ་ཕལ་བོ་ཆེ་ལ་སྤྱིར་ཤོ་ལོ་ཀ་འབུམ་དང་།ལེའུ་བརྒྱ་ཡོད་པ་ལས། སྔོན་ན་ལནྡ་བི་ཧ་ར་ལ་མེ་དགྲ་བྱུང་བའི་རྐྱེན་གྱིས་མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་པ་ལ་ཁྱོན་ལེའུ་བཅུ་བདུན་ཡོད་པ་རྣམས་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙཱ་ནས་ཞུས་ཆེན་མཛད་པར་བཤད།
འཁོར་ལོ་ཐ་མར་གཏོགས་པ། དཀོན་བརྩེགས་ལས། སྡོམ་གསུམ་བསྟན་པའི་ལེའུ་བམ་པོ་གསུམ་པ།གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་བམ་པོ་བཅུ་དང་ལེའུ་ཉེར་ལྔ་བ། རྨི་ལམ་བསྟན་པའི་ལེའུ་ཤོ་ལོ་ཀ་དགུ་བརྒྱ་དང་བམ་པོ་གསུམ་པ།འོད་དཔག་མེད་ཀྱི་ཞིང་བཀོད་པའི་ལེའུ་བམ་པོ་གསུམ་པ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པའི་ལེའུ་བམ་པོ་ལྔ་དང་ལེའུ་ལྔ་སོགས་དང་།མདོ་མང་གི་སྐོར་ལ། འཕགས་པ་རྒྱ་ཆེ་རོལ་པ་བམ་པོ་བཅོ་བརྒྱད་དང་ལེའུ་ཉེར་བདུན་པ།འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་བམ་པོ་གཉིས་པ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་བམ་པོ་གཅིག་དང་ཤོ་ལོ་ཀ་གོ་བཞི་པ་སོགས་དང་།  སྔགས་ཕྱོགས་ལ།རྡོ་རྗེ་རིགས་ཀྱི་རྒྱུད་འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་བརྒྱུད་འོག་མིན་དུ་གསུངས་པ་དང་།གྲོང་ཁྱེར་དཔལ་ཡོན་ཅན་དུ་གསུངས་པ་གཉིས་ལ་བམ་པོ་བཅུ་གཉིས་ཡོད་པ། ལྷ་མོ་བརྒྱད་ཀྱི་གཟུངས།དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་བ།འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་བོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་སོགས་དང་། བསྟན་འགྱུར་ལས། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ།འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ་དང་།འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཡེ་ཤེས་སྙིང་བོས་མཛད་པ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབུམ་པ་དང་། ཉིས་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ།སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བཀའ་བསྟན་མཐའ་ཡས་པ་བསྒྱུར་ཞུས་མཛད་ཡོད།

                                                   《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ》ལས་བཤུས།