༄༅།།ཡུན་ནན་གྱིས་འདི་ལོ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མཐོ་སློབ་སློབ་ཐོན་སློབ་མ་812བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-16   རྩོམ་ཁུངས།    མི་དམངས་དྲྭ་བ།



     ལས་ཀའི་འཚོ་བའི་ཁ་གསབ་དངུལ་མི་རེར་ལོ་རེར་སྒོར་ཁྲི་2.64ནས་སྒོར་ཁྲི་5བར་མཐོ་རུ་བཏང་བ་དང་། གསར་དུ་བསྡུས་པའི་སློབ་མའི་ཁྱིམ་གཞིས་འཛུགས་པའི་དངུལ་མི་རེར་སྒོར་2000ནས་སྒོར་3000བར་མཐོ་རུ་བཏང་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཡུན་ནན་ཞིང་ཆེན་གྱིས་2019ལོའི་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་བྱས་ནས་འདི་ལོ་མཐོ་སློབ་སློབ་ཐོན་སློབ་མ་812བསྡུས་ཏེ་གཞི་རིམ་དུ་ལོ་གཉིས་རིང་སློབ་སྐྱོར་དང་། ཞིང་སྐྱོར། སྨན་སྐྱོར། དབུལ་སྐྱོར་སོགས་ཞབས་ཞུ་བྱེད་པར་གཏོང་རྒྱུ་དང་འབྲེལ། གཞི་རིམ་ལ་ཤེས་ལྡན་མི་སྣ་མཁོ་བར་དམིགས་ནས་སྲིད་ཇུས་བྱེད་ཐབས་སྔར་བས་བཟང་སྒྲིག་བྱ་རྒྱུ་རེད།
     ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། འདི་ལོ་ཡུན་ནན་གྱིས་སློབ་བསྡུའི་ཆ་རྐྱེན་སྔར་བས་ལྷུག་ཏུ་བཏང་ནས་ལས་གནས་ཐོག་ཡོད་པའི་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། “དམིགས་བསལ་ལས་གནས་ཀྱི་དགེ་རྒན” ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བཅས་ཡིག་རྒྱུགས་ནང་མིང་ཐོ་འགོད་ཆོག་པ་དང་ཐོབ་ཐང་འགན་ལེན་མཐོ་རུ་བཏང་ནས་ལས་ཀའི་འཚོ་བའི་ཁ་གསབ་དངུལ་མི་རེར་ལོ་རེར་སྒོར་ཁྲི་2.64ནས་སྒོར་ཁྲི་5བར་མཐོ་རུ་བཏང་བ་དང་། གསར་དུ་བསྡུས་པའི་སློབ་མའི་ཁྱིམ་གཞིས་འཛུགས་པའི་དངུལ་མི་རེར་སྒོར་2000ནས་སྒོར་3000བར་མཐོ་རུ་བཏང་ཡོད།
     དེ་དང་ཆབས་ཅིག་ཤིན་ཏུ་དབུལ་བའི་ཀྲོའུ་དང་རྫོང་ལ་སྲིད་ཇུས་ཐད་ནས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་མི་བསྡུ་བའི་འཆར་གཞི་ལོགས་སུ་ལག་བསྟར་བྱས་ཏེ་ལས་གནས་ཐོག་ཡིག་རྒྱུགས་གཏོང་བའི་བསྡུར་ཚད་ཚོད་འཛིན་མེད་པ་བཟོས་པ་དང་། གཟུགས་པོ་བརྟག་དཔྱད་ཀྱི་སྙོམས་སྒྲིག་ཁ་གསབ་ལམ་སྲོལ་བཙུགས་ཁར་ལས་གནས་ཁག་གཅིག་ལ་ས་གནས་དེ་གའི་ཐེམ་ཐོའམ(སློབ་ཁུངས)ཡང་ན་ས་གནས་དེ་གའི་མི་རིགས་ཀྱི་སློབ་ཐོན་སློབ་མ་ཁ་ཕྱོགས་གཏན་འཁེལ་ངང་བསྡུས་པ་མ་ཟད་ཡིག་རྒྱུགས་ཀྱི་སྐར་གྲངས་དམའ་ཤོས་ལོགས་སུ་གཏན་འཁེལ་བྱས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་གྱིས་ད་དུང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་གྲོང་གསེབ་ཏུ་སྐྱོད་དེ་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་དང་། སོས་དལ་ཞིང་ལས། གྲོང་གསེབ་ཡུལ་སྐོར། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་སོགས་ལ་ཡུལ་བབ་དང་བསྟུན་ནས་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་ཡོད། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ཞབས་ཞུའི་དུས་བཅད་ཐིམ་པའི་མི་སྣས་ཞིང་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་ཞིང་ལས་ཀྱི་གཉེར་སྐྱོང་གསར་པའི་བྱེད་པོ་རྒྱབ་སྐྱོར་བྱས་པ་དང་། ཞིང་ལས་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆ་རྐྱེན་དང་འཚམ་རིགས་ལ་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྲིད་ཇུས་ཐད་ནས་རོགས་རམ་བྱས་ཡོད།