རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-17   རྩོམ་ཁུངས།    མི་དམངས་གསར་འགྱུར།
ཞི་ཅིན་ཕིང་ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་གཙོ་དོན་གསུང་བཤད་གནང་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཞན་གྱི་ལེགས་ཆ་སློབ་སྦྱོང་། ལེགས་ཆ་མཉམ་སྤྱོད། སྒོ་དབྱེ་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དུས་བསྟུན་མཉམ་སྤྱོད། གསར་གཏོད་གོང་འཕེལ་བཅས་བྱས་ནས་ཨ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་རེ་འབོད་གནང་བ།
སྤྱི་ཚེས15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་འགོ་བརྗོད་དུ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས། ཨ་ཤེ་ཡ་གླིང་གི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་བྱེད་ཅེས་པའི་གཙོ་དོན་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། ཚར་དུ་དངར་བའི་ཨ་ཤེ་ཡ་གླིང་གི་ཤེས་དཔལ་གྱིས་འཛམ་གླིང་གི་ཤེས་དཔལ་གོང་འཕེལ་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་གཏོད་ཡོད། ཨ་ཤེ་ཡའི་མི་དམངས་ཀྱིས་ཞི་བདེ་བདེ་འཇགས་དང་། ཐུན་མོང་གོང་འཕེལ། སྒོ་དབྱེ་རྒྱུན་འཁོར་བཅས་ཀྱི་ཨ་ཤེ་ཡ་ཞིག་རེ་སྒུག་བྱེད་བཞིན་ཡོད། ང་ཚོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཞན་གྱི་ལེགས་ཆ་སློབ་སྦྱོང་བྱེད་པ། ལེགས་ཆ་མཉམ་སྤྱོད་བྱེད་པ། སྒོ་དབྱེ་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། དུས་བསྟུན་མཉམ་སྤྱོད། གསར་གཏོད་གོང་འཕེལ་བཅས་བྱས་ནས། ཨ་ཤེ་ཡ་གླིང་གི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་བྱེད་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ཀྲུང་ཧྭ་ཡི་ཤེས་དཔལ་ནི་ཤེས་དཔལ་གཞན་དག་དང་ཟམ་མི་ཆད་པར་སྤེལ་རེས་བྱས་པ་དང་ཕན་ཚུན་དཔྱད་གཞིར་བཟུང་བའི་ནང་ཆགས་པའི་སྒོ་དབྱེའི་མ་ལག་ཅིག་ཡིན། འབྱུང་འགྱུར་གྱི་ཀྲུང་གོས་སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་དང་དུ་ལེན་པ་དང་། དེ་བས་གསོན་ཤུགས་ཀྱིས་ཁེངས་པའི་ཤེས་དཔལ་གྲུབ་འབྲས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ངེས་ཡིན་ཞེས་ནན་སྟོན་གནང་ཡོད།
ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་དང་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་ལྷན་དུ་ཚོགས་རར་ཕེབས་ཡོད། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་གཙོ་དོན་གསུང་བཤད་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་འཛམ་གླིང་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་བཅས་གོང་འཕེལ་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་རེ་བས་ཁེངས་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་དུས་བབ་ཀྱི་བརྟན་ལྷིང་མིན་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་སྔར་བས་མངོན་གསལ་ཆེ་རུ་འགྲོ་བ་དང་། མིའི་རིགས་ཀྱི་མདུན་དུ་འཕྲད་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད། ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། མཛེས་སྡུག་ལྡན་པའི་འབྱུར་འགྱུར་ཕྱོགས་སུ་བསྐྱོད་པར། དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་དགོས་པ་མ་ཟད། རིག་གནས་ཤེས་དཔལ་གྱི་སྟོབས་ཤུགས་ཀྱང་དགོས་ཀྱི་ཡོད། ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱིས། ཨ་ཤེ་ཡ་གླིང་དང་དེ་བཞིན་རྒྱལ་ཁབ་ཁག་གི་ཤེས་དཔལ་དབར་འདྲ་མཉམ་སྤེལ་རེས་བྱ་རྒྱུ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་བློ་སྒོ་འབྱེད་རྒྱུ་བཅས་ལ་སྟེགས་བུ་གསར་པ་ཞིག་སྐྲུན་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་ཁག་རི་ཆུ་འབྲེལ་བ་དང་། མི་ཆོས་རིག་གནས་ཕན་ཚུན་ཉེ་པོ་ཡོད། འདྲ་མཚུངས་ཀྱི་ལོ་རྒྱུས་མྱོང་བ་དང་། གཅིག་མཚུངས་ཀྱི་ཕུགས་འདུན་ལྡན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ང་ཚོས་ངེས་པར་དུ་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འབད་བརྩོན་ཆེན་པོས་ཨ་ཤེ་ཡའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་འདུན་པ་དེ་དོན་དངོས་སུ་འགྱུར་བ་བྱེད་དགོས། ཨ་ཤེ་ཡའི་མི་དམངས་ནས་ཞི་བདེ་བདེ་འཇགས་ཀྱི་ཨ་ཤེ་ཡ་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད་པས། རེ་བར་རྒྱལ་ཁབ་ཁག་ནས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འཆམ་མཐུན་མཉམ་གནས། རྒྱལ་ཁབ་ལས་བརྒལ་བ་དང་།འདགོས། ཨ་ཤེའི་ཡའི་མི་དམངས་ནས་ཐུན་མོང་དར་རྒྱས་ཀྱི་ཨ་ཤེ་ཡ་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད་པས། རེ་བར་རྒྱལ་ཁབ་ཁག་ནས་སྟོབས་ཤུགས་མཉམ་འདོན་གྱིས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁ་ཤས་ཀྱི་མང་ཚོགས་སྔར་བཞིན་དབུལ་ཕོངས་རྗེས་ལུས་ཀྱི་གནས་སུ་ལྷུང་བ་མཉམ་དུ་སེལ་ཐབས་བྱས་ནས། ཕྲུ་གུ་ཚོར་ཟས་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་བསྐྲུན་དགོས། ཨ་ཤེ་ཡའི་མི་དམངས་ནས་སྒོ་དབྱེ་རྒྱུན་འཁོར་གྱི་ཨ་ཤེ་ཡ་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད་པས། རེ་བར་རྒྱལ་ཁབ་ཁག་ནས་སྒོ་དབྱེའི་སྙིང་སྟོབས་ཐོག་ནས་སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་བཀོད་འབྲེལ་མཐུད། ཉོ་ཚོང་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ཡོང་བ་བྱས་ནས། ཐུན་མོང་ཐོག་ཨ་ཤེ་ཡ་གླིང་གི་ལས་དབང་གཅིག་མཐུན་མ་ལག་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཤེས་དཔལ་ནི་སྣེ་མང་ཡིན་པར་བརྟེན་ཕན་ཚུན་སྤེལ་རེས་བྱེད་དགོས་པ་དང་། སྤེལ་རེས་བྱེད་པར་བརྟེན་ནས་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ནས་གོང་འཕེལ་འགྲོ་བཞིན་ཡོད། ང་ཚོས་འཛམ་གླིང་ཐོག་གི་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་བར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས། ཨ་ཤེ་ཡའི་ལས་དབང་གཅིག་མཐུན་མ་ལག་མཉམ་འཛུགས་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་མི་ཆོས་རིག་གནས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གསུང་གནང་བ་དང་། ཞི་ཅིན་ཕིང་གིས་དེའི་ཐད་དགོངས་ཚུལ་ཁག་བཞི་བཏོན་གནང་བ་སྟེ།
དང་པོ། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མིའི་རིགས་ལ་ཤ་མདོག་དང་སྐད་བརྡའི་དབར་གྱི་ཁྱད་པར་ལས་མེད་པ་དང་། ཤེས་དཔལ་ལ་ཁྱད་ཆོས་མི་འདྲ་བ་ཡོད་པ་ལས་མཐོ་དམན་དང་ལེགས་ཉེས་ཀྱི་ཁྱད་པར་རྩ་བ་ནས་མེད། ང་ཚོས་འདྲ་མཉམ་དང་བརྩི་བཀུར་ལྟ་སྟངས་ཐོགས་ནས། ཁེངས་དྲེགས་དང་ཕྱོགས་ལྷུང་དོར་དགོས། རང་སོའི་ཤེས་དཔལ་དང་ཕ་རོལ་ཤེས་དཔལ་དབར་གྱི་ཁྱད་པར་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།
གཉིས་པ། གཞན་གྱི་ལེགས་ཆ་སློབ་སྦྱོང་དང་ཕན་ཚུན་ལེགས་ཆ་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མཛེས་སྡུག་ལྡན་པའི་བྱ་དངོས་མཐའ་དག་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་ཡིན། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བྱ་དངོས་ལ་ཕྱོགས་པ་ནི་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་འགོག་བྱེད་ཐབས་མེད། ང་ཚོས་རང་རྒྱལ་ཁབ་ཀྱི་ཤེས་དཔལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་འཇུག་དགོས་ལ། རྒྱལ་ཁབ་གཞན་གྱི་ཤེས་དཔལ་གོང་འཕེལ་འགྲོ་རྒྱུར་ཡང་ཆ་རྐྱེན་བསྐྲུན་ནས་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་རར་མེ་ཏོག་སྣ་བརྒྱ་མཉམ་བཞད་ཐུབ་པ་བྱེད་དགོས།
གསུམ་པ། སྒོ་དབྱེ་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་ཤེས་དཔལ་གོང་འཕེལ་གྱི་ངོ་བོའི་བླང་བྱ་ཡིན། ཤེས་དཔལ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པ་ནི་འདྲ་མཚུངས་དང་འདྲ་མཉམ་ཡིན་ལ། སྣེ་མང་དང་ཕྱོགས་མང་ཡང་ཡིན་དགོས་པ་ལས། བཙན་ཐབས་དང་བཙན་སྐུལ་མིན་ལ། ཕྱོགས་རྐྱང་པ་དང་ཁ་ཕྱོགས་རྐྱང་པ་ཡང་མིན། ང་ཚོས་རྒྱ་མཚོ་ལྟ་བུའི་ཁོང་ཡངས་ཀྱི་ཐོག་ནས་རིག་གནས་སྤེལ་རེས་ཀྱི་བཀག་རྒྱ་གཏོར་དགོས་པ་དང་། མཉམ་སྡུད་མཉམ་གསོག་གི་རྣམ་འགྱུར་ཐོགས་ན་ཤེས་དཔལ་གཞན་དག་གི་འཚོ་བཅུད་བསྡུ་ལེན་བྱས་ཏེ། ཨ་་ཤེཡའི་ཤེས་དཔལ་དེ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པའི་ཁྲོད་ཐུན་མོང་ཐོག་མདུན་སྐྱོད་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
བཞི་བ། དུས་བསྟུན་མཉམ་སྐྱོད་དང་གསར་གཏོད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་གསར་གཏོད་ལ་བརྟེན་ནས་ཤེས་དཔལ་གོང་འཕེལ་ལ་འགུལ་ཤུགས་གསར་པ་སྦྱིན་དགོས་པ་དང་། ཤེས་དཔལ་ཡར་ཐོན་གྱི་འབྱུང་ཁུངས་སྐུལ་སྤེལ་བྱས་ནས། ཡུལ་དུས་ལས་བརྒལ་བ་དང་རྟག་བརྟན་གྱི་ཡིད་འཕྲོག་ནུས་པ་ལྡན་པའི་ཤེས་དཔལ་གྲུབ་འབྲས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།
ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་དང་ལྷན་དུ་ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་སྤེལ་ཏེ་ཤེས་དཔལ་རྒྱུན་འཛིན་སྔར་ལས་ལྷག་པ་བྱ་རྒྱུར་དགོས་ངེས་ཀྱི་འདེགས་སྐྱོར་བྱ་འདོད་ཡོད། འབྲེལ་ཡོད་རྒྱལ་ཁབ་ཁག་དང་ལྷན་དུ་ཨ་ཤེ་ཡའི་རྩ་ཆེན་གསུང་རབ་ཕན་ཚུན་ཕབ་སྒྱུར་དང་ཨ་ཤེ་ཡའི་གློག་བརྙན་སྤེལ་རེས་མཉམ་ལས་ཀྱི་འཆར་གཞི་ལག་ལེན་བསྟར་ཏེ། མི་རྣམས་ནས་ཕན་ཚུན་བར་གྱི་རིག་གནས་ལ་བསམ་ཤེས་དང་དགའ་ཞེན་བྱེད་རྒྱུར་རོགས་རམ་བྱས་ནས་ཤེས་དཔལ་གྱི་མཛེས་སྡུག་ངོ་སྤྲོད་དང་རྒྱུད་སྤེལ་བྱ་རྒྱུར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་སྟེགས་བུ་སྐྲུན་འདོད་ཡོད། རྒྱལ་ཁབ་ཁག་དང་ལྷན་དུ་ལས་རིགས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རིག་མཛོད་སྤེལ་རེས་མཉམ་ལས་ཀྱི་དྲ་བ་གཏོད་པ། མཉམ་ལས་ཀྱི་མ་དཔེ་གསར་པ་གཏོད་པ། རྣམ་པ་འདྲ་མིན་གྱི་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་མཐུན་རྐྱེན་སྐྲུན་འདོད་ཡོད། རྒྱལ་ཁབ་ཁག་དང་ལྷན་དུ་ཨ་ཤེ་ཡའི་ཡུལ་སྐོར་སྐུལ་འདེད་འཆར་གཞི་ལག་ལེན་བསྟར་ཏེ། ཨ་ཤེ་ཡའི་དཔལ་འབྱོར་གོང་འཕེལ་དང་ཨ་ཤེ་ཡའི་མི་དམངས་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་ཡི་ཤེས་དཔལ་ནི་ཨ་ཤེ་ཡའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྔར་ནས་བཟུང་། ཀྲུང་ཧྭ་ཤེས་དཔལ་ནི་རྒྱུན་འཛིན་དང་གསར་གཏོད་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་དུས་བསྟུན་འཕོ་འགྱུར་ཁྲོད་དེ་བས་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་པའི་བསམ་པའི་རེ་སྙེགས་འདུས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་གོང་འཕེལ་སྟོབས་ཆེར་འགྲོ་བའི་ཉིང་བཅུད་ཡིན། ཀྲུང་ཧྭའི་ཤེས་དཔལ་ནི་ཤེས་དཔལ་གཞན་དག་བར་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་དུ་གྲུབ་པའི་སྒོ་དབྱེའི་མ་ལག་གཅིག་ཡིན་པ་དང་། དེ་ཡང་ཐོག་མཐའ་བར་གསུམ་དུ་ཤེས་དཔལ་གཞན་གྱི་བཟང་ཆ་མཉམ་སྡུད་མཉམ་གསོག་བྱེད་པའི་ཁྲོད་གྲ་རྒྱས་ཕུན་ཚོགས་སུ་སོང་ཡོད། མི་ལ་བྱམས་བརྩེ་ཆེ་ཞིང་ཁྱིམ་མཚེས་དང་འབྲེལ་བ་ཡག་པ་དང་། རྒྱལ་ཁབ་ཀུན་དང་འཆམ་མཐུན་བྱེད་པ་དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱིས་སྔ་ཕྱི་བར་གསུམ་དུ་སྒྲུབ་རྒྱུའི་རྩ་དོན་ཞིག་ཡིན་པ་དང་། དམངས་ལ་ཕན་འདོགས་ཤིང་དམངས་བདེ་དམངས་ཕྱུག་ཡོང་བར་བྱེད་པ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གསོན་ཉམས་ལྡན་པའི་རིན་ཐང་སྟོན་ཕྱོགས་ཡིན། སྙིགས་དོར་གསར་བརྗེ་དང་དུས་བསྟུན་མདུན་སྐྱོད་བྱེད་པ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་འགྱུར་བ་མེད་པའི་བསམ་པའི་ཉམས་འགྱུར་ཡིན། རང་བྱུང་ཁམས་ལ་གཅེས་སྐྱོང་དང་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་བྱེད་པ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་འཚོ་སྡོད་འདུ་ཤེས་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དེང་གི་ཀྲུང་གོ་ནི་ཀྲུང་གོ་བའི་ཀྲུང་གོ་ཙམ་མ་ཡིན་པར་དེ་ནི་ཨ་ཤེ་ཡའི་ཀྲུང་གོ་དང་འཛམ་གླིང་གི་ཀྲུང་གོ་རེད། འབྱུང་འགྱུར་གྱི་ཀྲུང་གོས་དེ་བས་སྒོ་མོ་དབྱེ་བའི་རྣམ་པའི་ཐོག་ནས་འཛམ་གླིང་དང་དུ་ལེན་པ་དང་། སྔར་བས་གསོན་ཤུགས་ཀྱིས་ཁེངས་པའི་ཤེས་དཔལ་གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ངེས་ཡིན། རེ་བར་ཚང་མས་ཨ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཁམ་བུ་ཀྲའི་རྒྱལ་པོ་ཞི་ཧ་མུ་ཉི་དང་། ཀེ་རེ་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སི། སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལི་མ། སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སའེ་ན། ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཨ་ཙུ་ལེ་བཅས་ཀྱིས་ཀྱང་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་གནང་ཡོད། ཁོང་རྣམ་པས། འཛམ་གླིང་ནི་སྣེ་མང་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས། ཤེས་དཔལ་བཅས་མི་འདྲ་བས་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་འདི་གྲུབ་ཡོད། ཤེས་དཔལ་མི་འདྲ་བ་ནི་འདྲ་མཉམ་ཡིན་པ་དང་། ཤེས་དཔལ་གང་རུང་ཞིག་གིས་ཤེས་དཔལ་གཞན་དག་གི་ཚབ་བྱེད་མི་ཐུབ་ལ། ཤེས་དཔལ་གང་རུང་ཞིག་གིས་ཤེས་དཔལ་གཞན་དག་ལ་མཐོ་གནོན་བྱེད་ཐབས་མེད། ཕན་ཚུན་བརྩི་བཀུར་བྱེད་དགོས་པ་དང་། ཤེས་དཔལ་གྱི་ཧེ་བག་རང་བཞིན་དང་རང་ཚུགས་རང་བཞིན། སྣེ་མང་རང་བཞིན་བཅས་ལ་བརྩི་འཇོག་བྱེད་དགོས། ཤེས་དཔལ་བར་འབྲེལ་གཏུག་བགྲོ་གླེང་དང་སྤེལ་རེས། དཔྱད་གཞིར་འཛིན་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་ལྟར་བྱུང་ན་གཞི་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་མིའི་རིགས་དར་རྒྱས་གོང་འཕེལ་ཡོང་ཐུབ། ཤེས་དཔལ་གདོག་གཏུག་སྨྲ་བ་ཞེས་པ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་ཞིང་། དེས་ཤེས་དཔལ་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལ་གཏོར་བཤིག་དང་ཐ་ན་མེད་པ་བཟོ་སྲིད། རིག་གནས་ཐད་རང་ལམ་རང་བཀག་དང་ང་ཆེ་ང་བཙན། ཐལ་སྐྱོད་རིང་ལུགས་བཅས་ཀྱིས་འཛམ་གླིང་ཐོག་གི་འགལ་ཟླ་དང་གདོང་ཐུག་མང་པོ་བཟོ་ཡི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་འཚོག་རྒྱུའི་གྲོས་འགོ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་དང་ཤེས་དཔལ་མི་འདྲ་བའི་བར་བགྲོ་གླེང་དང་སྤེལ་རེས་བྱ་རྒྱུར་སྟེགས་བུ་གལ་ཆེན་བསྐྲུན་ཡོད། མིག་སྔའི་དུས་བབ་ནི་ཏག་ཏག་སྐབས་དང་འཁེལ་ཡོད་པས་དོན་སྙིང་གཏིང་ཟབ་ལྡན་ཡོད། ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་རྣམས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་དགོས་པ་དང་། བགྲོ་གླེང་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ། དར་རྒྱས་ཆེ་བའི་ཨ་ཤེ་ཡ་གླིང་མཉམ་སྤྱོད་བྱེད་དགོས། ཨ་ཤེས་ཡ་གླིང་གི་ཤེས་དཔལ་སྒོ་དབྱེ་ཁོང་ཡངས་ཀྱི་རིན་ཐང་ལྟ་བ་རྒྱུན་འཛིན་བྱས་ཏེ། ས་ཁོངས་ཕྱིའི་ཤེས་དཔལ་གཞན་དག་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཆམ་མཐུན་གྱི་འཛམ་གླིང་མཉམ་སྐྲུན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཕྱི་ཕྱོགས་ཀྱི་འགོ་ཁྲིད་པས། གནའ་བོའི་ཀྲུང་ཧྭ་ཤེས་དཔལ་གྱིས་འཛམ་གླིང་ལ་རྩ་ཆེའི་རྒྱུ་ནོར་བཞག་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་གླིང་གི་ལས་དབང་གཅིག་མཐུན་མ་ལག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་པའི་རླབས་ཆེའི་དགོངས་ཚུལ་དེ་ནི་དེང་རབས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་རྒྱས་ཆེད་ཕུལ་བའི་ལེགས་སྐྱེས་ཆེན་པོ་གཞན་ཞིག་ཡིན། རྒྱལ་ཁབ་ཁག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གལ་ཆེའི་གོ་སྐབས་དམ་འཛིན་བྱས་ཏེ། དམངས་སེམས་འབྲེལ་ཐུབ་པ་བྱེད་པ་དང་། ཞི་བདེ་དང་མཛའ་གྲོགས། མཉམ་ལས་བཅས་ལ་སྐུལ་འདེད་བཏང་ནས། མཉམ་དུ་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
ཧོང་ཁུན་མིང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཞི་ཅིན་ཕིང་གིས་མགྲོན་བསུའི་ཚོམས་ཆེན་དུ་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་རེ་རེ་བཞིན་ཕྱག་གཏོང་རེས་གནང་བ་དང་ཕན་ཚུན་འཚམས་འདྲི་ཞུ་རེས་གནང་ཡོད། དེ་རྗེས། ཀྲུང་ཕྱིའི་འགོ་ཁྲིད་མི་སྣས་ལྷན་དུ་རིག་དངོས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་དང་། ཀྲུང་གོ་དང་སི་རི་ལན་ཁ། སིང་ཀ་ཕོར། ཀེ་རེ་སི། ཁམ་བུ་ཀྲ། ཡ་མེ་ནི་ཡ་བཅས་ཀྱི་རྩ་ཆེའི་རིག་དངོས་ལ་གཟིགས་པ་མ་ཟད། འགོ་ཚུགས་མཛད་སྒོར་ཞུགས་མཁན་སྐུ་མགྲོན་གལ་ཆེན་དག་དང་དྲན་རྟེན་ལྷན་བཞུགས་སྐུ་པར་བསྐྱོན་ཡོད་པ་རེད།
ཨ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་། ལས་དབང་གཅིག་མཐུན་མ་ལག་ཅེས་པ་དེ་ཡིན་པ་དང་། འགོ་ཚུགས་མཛད་སྒོ་དང་། རིམ་མཚུངས་ཡན་ལག་གླེང་སྟེགས། ཨ་ཤེ་ཡའི་རིག་གནས་རྒྱས་འཛོམས། ཨ་ཤེ་ཡའི་ཤེས་དཔལ་གཟའ་འཁོར་བཅས་ཁག་བཞིར་དབྱེ་ཡོད་པ་དང་ཁྱོན་ཤེས་དཔལ་སྤེལ་རེས་བྱེད་སྒོ110ལྷག་གཉེར་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན1200ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།