དཔེ་ཆ་ཞིག་གིས་ས་གནས་ཅིག་གི་རིག་གནས་གཏམ་རྒྱུད་བཤད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མུ་ཟུར་གྲོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་གནས་ལ། ཤར་དུ་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་སྟོང་ཉི་ཤང་དང་མུ་ལི་རྫོང་གི་ཨེར་ཡ་ཤང་དང་གཙང་པོའི་གཡས་གཡོན་ནས་ཕན་ཚུན་མཐོང་རྒྱུ་ཡོད་པ་དང་། ལྷོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་གི་ཡན་ལུའོ་གྲོང་དང་མཐུད་པ། ནུབ་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དང་ཁྱིམ་མཚེས་སུ་གྱུར་ཡོད། བྱང་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དང་མཐུད་ཡོད་པའི་གྲོང་པ་ཞིག་ཡིན།སྔ་མོ་ནས་མུ་ཟུར་གྲོང་ནི་ཡུལ་གབ་ཞིག་ཡིན་ཞེས་པའི་ཟེར་སྲོལ་ཡོད་ལ། མི་རྣམས་ཀྱི་གྲོང་པ་དེ་ལ་རྒྱུས་ལོན་ཉུང་བ་དང་ཐ་ན་མི་མི་ཉུང་བ་ཞིག་གིས་གྲོང་པ་དེ་འདྲ་ཞིག་ཡོད་པའང་ཤེས་མེད་པས། ཡུན་རིང་པའི་ཚུན་དུ་གྲོང་པ་དེ་ལ་ངོ་མཚར་བའི་ཡོལ་བ་བཀབ་པ་བཞིན་མི་རྣམས་ཀྱི་མིག་དབང་དང་ཡིད་སེམས་འགུག་ཡོད་པ་རེད།

        ཉེ་ཆར། ཕ་ཡུལ་མུ་ཟུར་ནས་ཡིན་པའི་པད་མ་ཚེ་རིང་གིས་བརྩམས་པའི་ས་གནས་དེ་གའི་དམངས་སྲོལ་རིག་གནས་སྐོར་གྱི་དཔེ་ཆ་པར་དུ་སྐྲུན་ཡོད་ལ། དཔེ་ཆ་དེའི་མིང་ལ་ཕ་ཡུལ་མུ་ཟུར་གྱི་དམངས་སྲོལ་རིག་གནས་ཀྱི་དྲན་ཐོ་ཞེས་ཟེར། དཔེ་ཆ་དེའི་ནང་དུ་ཚིག་གྲངས་ཁྲི་13དང་པར་རིས་119ཡོད། དེ་ནས་མུ་ཟུར་གྱི་རིག་གནས་ལ་རྒྱུས་ལོན་དགོས་པའི་བསམ་པ་ཡོད་ན་དཔེ་ཆ་དེ་ཀློག་ཆོག

        དཔེ་ཆ་དེ་ལ་ནན་ཅིང་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་ཡོན་ཀྲང་ལས་ཐོག་དང་པོ་སློབ་དཔོན་ཧྥང་ཡན་མིང་གིས་འགོ་བརྗོད་བྲིས་པ་དང་།  ཁོང་ནི་བོད་ཁུལ་གྱི་གསར་འགྱུར་ལས་དོན་ལ་དགའ་མོལ་ཆེན་པོ་ཡོད་དེ།  རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག་ཞེས་པའི་རྣམ་གྲངས་ཀྱི་དབུ་བཞུགས་ཆེད་མཁས་པ་ཡིན། 

        དཔེ་ཆ་དེའི་ནང་མུ་ཟུར་གྲོང་གི་འབྱུང་ཁུངས་དང་སྐྱེ་ཁམས། ཐོན་སྐྱེད།  གོས་རྒྱན། བཟའ་བཏུང་།  སྡོད་ཁང་།  འགྲིམ་འགྲུལ།  དུས་ཆེན།  གཉེན་སྒྲིག  དུར་འཇུག དད་པ། གླུ་གར། གཏམ་དཔེ། སློབ་གསོ་བཅས་ཐད་བཅུ་བཞིའི་ནང་དོན་འགོད་ཡོད། རྩོམ་པ་པོ་པད་མ་ཚེ་རིང་གིས་སྲོལ་རྒྱུན་རིག་གནས་ལ་རྒྱུན་འཛིན་དང་སྲུང་སྐྱོང་གི་བསམ་བློ་དཔེ་ཆའི་མགོ་མཇུག་ཡོངས་སུ་ཁྱབ་ཡོད། ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་གནའ་བོའི་ས་གཞི་མུ་ཟུར་གྱི་མེད་པར་གྱུར་ཟིན་པའམ་མེད་པར་གྱུར་ཉེ་བ། དེ་མིན་འབྱུང་རྐྱེན་མི་ཤེས་པའི་དམངས་སྲོལ་རིག་གནས་སྣང་ཚུལ་དང་ལོ་རྒྱུས་ཀྱི་ཆད་རིམ།རྒྱུན་འཛིན་བྱེད་བཞིན་ཡོད་པའི་ཇི་མ་ཇི་བཞིན་གྱི་དམངས་སྲོལ་དོན་ཚན་འགོད་ཡོད། 

        དཔེ་ཆ་དེའི་མཇུག་བྱང་དུ་རྩོམ་པ་པོས་1992ལོར་སློབ་ཆེན་ནས་མཐའ་ཕྱིན་ཏེ་བདེ་ཆེན་ཁུལ་ལོ་རྒྱུས་དེབ་ཐེར་གཞུང་ལས་ཁང་དུ་ལས་བྱེད་པའི་ཚུན་དུ་མུ་ཟུར་གྱི་དམངས་སྲོལ་སྐོར་གྱི་དཔེ་ཆ་ཞིག་འབྲི་བའི་རེ་བ་ཡོད་ལ།  དེ་ནས་བཟུང་ཡུལ་ཁམས་བརྟག་དཔྱད་དང་དཔྱད་གཞི་འཚོལ་སྡུད་བྱས་ཏེ།  1995ལོའི་ཟླ་3པའི་ཚེས་22ཉིན་དུ་མུ་ཟུར་གྱི་བདུན་པའི་དུས་ཆེན་གྱི་འབྱུང་ཁུངས་ཞེས་པའི་རྩོམ་ཐུང་ཡུན་ནན་སྲིད་གྲོས་ཚགས་པར་ཐོག་འགོད་པ་ནས། 2006ལོར་ཀྲུང་གོའི་བོད་ལྗོངས་ཞེས་པའི་དུས་དེབ་ཐོག་མུ་ཟུར་གྲོང་གི་གནའ་བོ་དང་འཕོ་འགྱུར་ཞེས་པའི་རྩོམ་འགོད་པའི་བར་དུ་དཔེ་ཆ་འདིའི་གཞི་སྒྲོམ་ཆགས་ཡོད། དཔེ་ཆ་དེ་ནི་མུ་ཟུར་དུ་སྐྱེས་བ་དང་མུ་ཟུར་དུ་འཚར་ལོངས་བའི་མི་ཞིག་གིས་གསར་འགྱུར་ལས་རིགས་སུ་ཞུགས་པའི་གསར་འགོད་པའི་མཐོང་ཟུར་ནས།  མིའི་རིགས་ཀྱི་རིག་པ་དང་བོད་རིག་པ།  དམངས་སྲོལ་རིག་པ།  གསར་འགྱུར་རིག་གནས་རིག་པ་བཅས་ཀྱི་ཚུལ་ནས་ས་གནས་དེ་གའི་དམངས་སྲོལ་རིག་གནས་དེ་ཀློག་པ་པོ་རྣམས་ལ་སྟོན་པ་ཡིན་ཞེས་ཟེར་འདུག

        ཀྲང་ཀའོ་ཧྭ།   བོད་མིང་ལ་པད་མ་ཚེ་རིང་ཡང་ཟེར། ལག་རྩལ་གོ་མིང་ནི་མཐོ་རིམ་རྩོམ་སྒྲིག་པ་རེད། 1967ལོའི་ཟླ་5པའི་ཚེས་4ཉིན་དུ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མུ་ཟུར་གྲོང་དུ་སྐྱེས་ལ། 1987ལོའི་ཟླ་9པར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སྦྱོང་བ་དང་། 1992ལོའི་ཟླ་7པར་སློབ་གྲྭ་ཆེན་མོ་ནས་མཐའ་ཕྱིན།  སྔ་རྗེས་སུ་བདེ་ཆེན་ཁུལ་ལོ་རྒྱུས་དེབ་ཐེར་གཞུང་ལས་ཁང་དང་བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ།  བདེ་ཆེན་ཁུལ་བཟོ་ཚོང་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ལས་ཀ་བྱེད་མྱོང་བ་དང་།  ད་ལྟར་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་ཁུར་ཡོད་དེ།  ས་གནས་ཀྱི་ལོ་རྒྱུས་དེབ་ཐེར་དང་མི་རིགས་རིག་གནས།  མི་རིགས་གསར་འགྱུར།  པར་ལེན་སོགས་ཀྱི་ལས་ཀ་བྱས་མྱོང་།  ཁོང་གི་བརྩམས་ཆོས་བརྒྱ་ལྷག་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་ཡོད། 2015ལོར་ཀྲུང་གོའི་ས་ཁུལ་དང་གྲོང་ཁྱེར་གྱི་ཚགས་པར་གྱི་པར་ལེན་གསར་འགོད་པ་ཕུལ་བྱུང་བ་50ཡི་མཚན་སྙན་ཐོབ།  2016ལོར་བདེ་ཆེན་ཁུལ་གྱི་ཆེད་ལས་ལག་རྩལ་རིག་གཞུང་ཚན་ཁག་གི་སྣེ་འཁྲིད་པར་བདམས་ཐོན་བྱུང་།   ཁྱད་པར་དུ་གསར་འགྱུར་ལས་རིགས་སུ་ལས་བྱེད་པའི་ལོ་ངོ་11གི་རིང་དུ་རྒྱ་བོད་ཡིག་གཉིས་ཀྱི་བརྩམས་ཆོས་དང་པར་ལེན་བརྩམས་ཆོས་ལ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་བྱ་དགའ་ཐེངས་80ལྷག་ཐོབ་པ།  2018ལོར་ཡུན་ནན་ཞིང་ཆེན་གྱི་མི་ཁྲིའི་འཆར་འགོད་ཀྱི་རིག་གནས་པ་གྲགས་ཅན་དུ་བདམས་ཐོན་བྱུང་བ་རེད།