རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-27   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
2016ལོའི་ཟླ་བ7པའི་ཚེས13ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་སྒྲུབ་འགན་ཁས་ལེན་བྱས་པའི་སྐབས་དང་པོའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དེ་དུང་དཀར་ལུང་པར་སྤེལ་བ་རེད།
ཉིན3རིང་གི་དུས་ཆེན་ནང་ནན་དབྱི་འཁྱགས་ཞོ་དང་དུང་དཀར་ལུང་པའི་རབ་དགའི་དགོང་མོ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ། རི་ཀླུང་ཡུལ་སྐོར་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་བའི་ཚོགས་ཆེན། དཀར་མཛེས་ཁུལ་གྱི་དུས་ཚོད་བཟང་པོ། འཁོར་གཏོང་ལམ་བུ་རབ་དང་རིམ་པའི་ཚོད་ལྟར་ཡུལ་སྐོར། འཕྲིན་སྦྱོར་དང་ཡུལ་སྐོར་བཅའ་འདྲི་བྱེད་པ་སོགས་བརྗོད་བྱ་གཙོ་བོ་དྲུག་གི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་དེ་སྤེལ་ནས་དཀར་མཛེས་ཁུལ་གྱི་མི་རིག་གི་བརྗིད་ཉམས་བསྟན་ཡོད་ལ། དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་ཐོན་ཁུངས་འཛམ་གླིང་ཐོག་གི་གོ་གནས་ཀྱང་བཟུང་ཡོད་ཅིང་། འཛམ་བུ་གླིང་གི་མགྲོན་པ་དང་ཚོང་འགྲུལ་པར་ངོ་མཚར་མཛེས་སྡུག་ལྡན་པའི་གནས་མཆོག་དཀར་མཛེས་ཁུལ་ཞིག་ཀྱང་མངོན་ཡོད་པ་རེད།
སྐབས་གཉིས་པའི་སྤེལ་ཡུལ་ནི་འདབ་པའི་ཉི་སྟེན་ཡིན།
2017ལོའི་ཟླ་བ8པའི་ཚེས13ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པ་དང་། དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། འདབ་པ་རྫོང་མི་དམངས་སྲིད་གཞུང་། ཉི་སྟེན་མཛེས་ཁུལ་དོ་དམ་ཅུས། འདབ་པ་ཉི་སྟེན་མཛེས་ཁུལ་ཡུལ་སྐོར་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་འགན་ཁས་ལེན་པའི2017ལོའི་རི་ཀླུང་ཡུལ་སྐོར་དུས་ཆེན་དེ་འདབ་པའི་ཉི་སྟེན་དུ་སྤེལ་ཡོད།
དུས་ཆེན་ནང་སྐབས་དང་པོའི་འདབ་པའི་ཉི་སྟེན་ཤམ་བྷ་ལའི་རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་གྱི་རིམ་གྲས་མཐོན་པོའི་གླེང་སྟེགས་དང་། 2017ལོའི་དཀར་མཛེས་ཁུལ་གྱི་དུས་ཚོད་བཟང་པོ། ཀྲུང་གོའི་ཤམ་བྷ་ལ་ལྗོངས་ཁུལ་ཆེན་པོའི་ཡུལ་སྐོར་ཁྱབ་སྤེལ་གཏོང་བའི་མནའ་འབྲེལ་ཀྱི་སྐབས་དང་པོའི་མཉམ་འབྲེལ་གྲོས་ཚོགས། སྐད་གྲགས་ཅན་གྱི་ཁེ་ལས་དཀར་མཛེས་ཁུལ་དུ་འཇུག་པ་ཞེས་པའི་མ་དངུལ་གཏོང་འཇོག་གི་མཉམ་ལས་ངོ་སྤྲོད་ཚོགས་འདུ། དཀར་མཛེས་ཁུལ་གྱི་མི་རིགས་རིག་གནས་ཀྱི་ཆེད་འཁྲབ། 《4411ཡི་རོལ་དབྱངས་སྤྲོ་ཚོགས》རྒྱལ་སྤྱིའི་མཉམ་སྒྲོག་རོལ་མོའི་གླུ་གཞས་འདུ་འཛོམས་སོགས་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྣ་མང་ཉི་སྟེན་དུ་སྤེལ་ཡོད།
སྐབས་གསུམ་པའི་སྤེལ་ཡུལ་ནི་དར་མདོ་གྲོང་ཁྱེར་ཡིན།
2018ལོའི་ཟླ་བའི6པའི་ཚེས14ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པ་དང་། དཀར་མཛེས་ཁུལ་འཕེལ་རྒྱས་ཨུ་ལྷན་དང་དར་མདོ་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་སྒྲུབ་འགན་ཁས་ལེན་པའི་གནས་མཆོག་དཀར་མཛེས་ཁུལ་དུ་འཛོམས་པ་དང་འཁོར་གཏོང་ཞིང་ཁམས་སུ་འགྲིམ་པ་ཞེས་པའི2018ལོའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་དེ་དར་མདོ་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ་ཡོད།
ལོ་དེའི་རི་ཀླུང་ཡུལ་སྐོར་དུས་ཆེན་དེ 1+N+7ཞེས་པའི་བསམ་ལམ་ལྟར་སྤེལ་བ་དང་། བྱེད་སྒོ་གཙོ་བོ་དེ་ཟླ་བ6པ་ནས་ཟླ་བ12པར་བསྲིངས་ཡོད། དེའི་ནང་འགོ་ཚུགས་མཛད་སྒོ་དང་། དར་མདོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་འདུ་འཛོམས། སྐབས་གཉིས་པའི་འདབ་པའི་ཉི་སྟེན་ཤམ་བྷ་ལའི་རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་གྱི་རིམ་གྲས་མཐོན་པོའི་གླེང་སྟེགས། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་གི་བྲོ་བ་མྱོང་བ་དང་ཡུལ་སྐོར་ཚོང་ཟོག་ཉོ་སྒྲུབ་བྱེད་པ་སོགས་སྐབས་དང་པོའི་རྒྱལ་སྲུང་གཞུང་ལམ318ལམ་རྒྱུད་ཀྱི་ཐོན་ལས་མནའ་འབྲེལ་གྱི་རིམ་པ་མཐོན་པོའི་གྲོས་ཚོགས་སོགས་ཡན་ལག་གི་བྱེད་སྒོ་ཁག་དྲུག་སྤེལ་ཡོད།།