རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་སྐབས་དང་པོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་6པའི་ཚེས་7ཉིན་ནས་སྤེལ་འགོ་བརྩམས་པ་དང་། རྟ་རྒྱུག་དང་མདའ་འཕེན་སོགས་ཀྱི་འགྲན་བསྡུར་སྣ་ཚོགས་ཛ་དྲག་ཆེན་པོའི་ངང་སྤེལ་བཞིན་ཡོད་ལ།ག་ས་གང་དུ་འདུ་འཛི་ཆེན་པོའི་རྣམ་པ་མངོན།
སྨི་3000གི་རྟ་འགྲོས་འགྲན་བསྡུར་དུ་ཏ་ལི་ནས་ཡོང་བའི་ཡུས་ཞུའེ་ཀོང་གིས་དུས་ཚོད་སྐར་མ་4་དང་སྐར་ཆ་1གིས་རྟ་ཆེན་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་། སྐད་ཚགས་ཤང་ནས་ཡོང་བའི་ཐན་ཏུང་ཞུས་ཡིས་སོ་སོ་ནས་དུས་ཚོད་སྐར་མ་4དང་སྐར་ཆ་5ཡིས་རྟ་འབྲིང་ཚོ་ཆུང་གི་ཨང་དང་པོ་དང་དུས་ཚོད་སྐར་མ་4དང་སྐར་ཆ་11་གིས་རྟ་ཆུང་ཚོ་ཆུང་གི་ཨང་དང་པོ་བླངས་པ་རེད། སྨི་1000གི་གོམ་པའི་འགྲན་བསྡུར་དུ་བློ་བཟང་བདེ་ལེགས་ཀྱིས་སོ་སོ་ནས་དུས་ཚོད་སྐར་མ་1དང་སྐར་ཆ་29་ཡིས་རྟ་ཆེན་ཚོ་ཆུང་གི་ཨང་དང་པོ་དང་དུས་ཚོད་སྐར་མ་1དང་སྐར་ཆ་49་ཡིས་རྟ་ཆུང་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་། ཐན་ཏུང་ཞུས་ཡིས་དུས་ཚོད་སྐར་མ་1དང་སྐར་ཆ་46གིས་རྟ་འབྲིང་ཚོ་ཆུང་གི་ཨང་དང་པོ་བླངས་པ་རེད།
རྟ་རྩལ་འགྲན་བསྡུར་ནི་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་གི་རྩེད་རིགས་གཙོ་ཞིག་ཡིན་ལ།ལྷག་པར་དུ་ཐང་གི་ཁ་བཏགས་ལེན་པའི་རྟ་རྩལ་འགྲན་བསྡུར་ལ་མང་ཚོགས་ཀྱི་རེ་བ་ཆེན་པོ་ཡོད་པ་རེད། སྤྱི་ཟླ་6པའི་ཚེས་8ཉིན་གྱི་སྔ་དྲོར། སེམས་ཀྱི་ཉི་ཟླའི་ལུས་རྩལ་ལྟེ་གནས་ནས་ཐང་གི་ཁ་བཏགས་ལེན་པའི་རྟ་རྩལ་འགྲན་བསྡུར་འཁྲུག་ས་དོད་པའི་སྒོ་ནས་སྤེལ་བ་རེད།
ཛ་དྲག་གི་འགྲན་བསྡུར་ཉིན་ཕྱེད་ཙམ་ལ་སྤེལ་བ་བརྒྱུད། མཐར་སྐད་ཚགས་ཤང་གི་རྟ་རྒྱུག་རུ་ཁག་ནས་ཡིན་པའི་ངག་དབང་གིས་དུས་ཚོད་སྐར་ཆ་46.62ནང་ཐང་གི་ཁ་བཏགས་20བླངས་ཤིང་། ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་བོ་བླངས་པ་རེད། ཏ་ལི་རྟ་རྒྱུག་རུ་ཁག་ནས་ཡིན་པའི་ཀུང་ཝུན་ཧྭ་དང་བཅངས་འགྲོལ་གྲོང་ཚོ་ནས་ཡིན་པའི་བློ་བཟང་ཉི་མ་གཉིས་ཀྱིས་ཐང་གི་ཁ་བཏགས་18རེ་བླངས་པས་རིམ་བྱས་ནས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་དང་གསུམ་པ་བླངས།
ཟླ་6པའི་ཚེས་7ཉིན་གྱི་ཕྱི་དྲོར། མི་རིགས་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་མི་སྒེར་འགྲན་བསྡུར་རྣམ་གྲངས་ཏེ། མདའ་འཕེན་འགྲན་བསྡུར་ནག་ལྕོག་རི་བོའི་འདབས་རོལ་ནས་འགོ་བརྩམས་པ་རེད།
མདའ་འཕེན་འགྲན་བསྡུར་དེ་ཛ་དྲག་གི་རིམ་པ་གསུམ་བརྒྱུད་མཐར། འཇོལ་རྫོང་ཡུན་ལིང་ནས་ཡིན་པའི་ནོར་བུ་ཡི་མདའ་25འབེན་ལ་ཕོག་པས་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་བོ་ཐོབ་ལ། བློ་བཟང་ཕུན་ཚོགས་དང་བཀྲ་ཤིས་ཉི་མ། ཚེ་རིང་མཁའ་འགྲོ། ལན་ཡུན་ཞང་། བཀྲ་ཚེ་རིང་བཅས་ལ་རིམ་པ་བཞིན་ཨང་གཉིས་པ་ནས་དྲུག་བར་གྱི་བྱ་དགའ་ཐོབ།
2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་སྐབས་དང་པོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་སྲོལ་རྒྱུན་གྱི་གཞུ་རྒྱག་པའི་འགྲན་བསྡུར་ཚེས་7ཉིན་གྱི་ཕྱི་དྲོར་བསྡུས། རྫོང་དང་གྲོང་ཁྱེར་གསུམ་ནས་ཡོང་བའི་གཞུ་རྒྱག་བདམས་ཐོན་པ་197ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་།འགྲན་བསྡུར་དེ་ཕོ་མོའི་ཚོ་ཆུང་དབྱེ་ཡོད་པ་རེད།
འཇོལ་རྫོང་ཐང་སྟེང་ཤང་ནས་ཡོང་བའི་ཅིན་སུང་གིས་སྐྱེས་པའི་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་། ནུའུ་ཅང་ནས་ཡོང་བའི་ཆི་ཧྥེང་གིས་བུད་མེད་ཚོ་ཆུང་གི་ཨང་དང་པོ་བླངས་པ་རེད།