བོད་ཅེས་པའི་མིང་ཐོགས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-19   རྩོམ་ཁུངས།    རྔ་བ་བརྙན་འཕྲིན་ཁང་གི་འཕྲིན་སྟེགས།

        དང་པོ།  

        གནའ་ནས་ད་ལྟའི་བར་རང་ཅག་ཚོའི་ཡུལ་དང་མི་རིགས་དག་གི་མིང་ལ་བོད་ཡུལ་དང་བོད་པ་ཞེས་གྲགས་ཤིང་གྲུབ་ལ།   བོད་ཡུལ་ནི་ལྷ་ཡུལ་བཞིན་སྐྱིད་ཟེར་བ་དང་། བོད་མི་ནི་ལྷ་ཚོགས་བཞིན་བཟང་ཟེར་བ་སོགས་ཡུལ་ལུང་རང་མཚན་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་མང་པོས་བརྗོད་པར་བྱེད། དེ་ལྟར་བསྟོད་པ་འཐེན་པ་ནི་རང་གར་ངོ་བསྟོད་ཙམ་མིན་པར་བོད་ཡུལ་ནི་ས་སྐྱིད་ལ་ཆུ་གཙང་བ། གནམ་དྭངས་ལ་སྤྲིན་མཛེས་པ། ནོར་མང་ལ་ས་རྒྱ་ཡངས་པ། མདོར་ན་ཡུལ་ལུང་ལ་འཛོམས་དགོས་པའི་དཔལ་རྣམས་མ་སྒྲུབ་རང་ཆས་སུ་ཡོད་པ་དེས་དང་། མི་རྣམས་བློ་གྲོས་ཆེ་ཞིང་དཔའ་མཛངས་ལྡན་པ། གཞུང་གཤིས་དྲང་ཞིང་མི་རྒྱུད་ལེགས་པ། བྱམས་བརྩེ་ཟབ་ལ་ཁོག་རྒྱ་ཡངས་པ་བཅས་བཟང་ཆ་ཀུན་འདུས་ཀྱི་མི་རིགས་ཁྱད་འཕགས་ཅན་ཞིག་ཡིན་པའི་དབང་གིས་དབང་མེད་ངང་གིས་བསྟོད་པའི་རྒྱལ་མཚན་སྒྲེང་བར་བྱེད་པ་འདྲའོ། ། 

        གཉིས་པ།

        འོ་ན་བོད་ཅེས་པའི་མིང་འདི་ཇི་ལྟར་ཐོགས་པ་དང་། ཇི་ལྟར་བྱུང་བ་ཡིན་སྙམ་ན། 

        བོད་ཅེས་པའི་མིང་འདི་འདོད་རྒྱལ་ཙམ་གྱིས་བཏགས་པ་ཞིག་མིན་པར་རྗེས་གྲུབ་ཀྱི་སྒོ་ནས་ཐོགས་པ་ཞིག་ཡིན་པར་གསལ་ཏེ། དང་པོ། འོ་སྐོལ་གྱི་སྤྱི་ཚོགས་སུ་འབོད་པ་གསལ་བྱེད་ཀྱི་སྒྲ་ལ་སྣ་ཁ་མི་གཅིག་པ་གྲངས་མང་བའི་ཚོད་ལ་བརྟག་ན། དེ་ཡང་འབོད་སྒྲ་ལ་དབྱེ་ན་མི་ལ་འབོད་པའི་སྒྲ་དང་། སྲོག་ཆགས་ལ་འབོད་པའི་སྒྲ་གཉིས། དེ་དག་ནང་གསེས་སུ་མི་ལ་འབོད་པའི་སྒྲ་གཅིག་པུ་ལའང་གོང་མ་ལ་འབོད་པའི་སྒྲ་དང་། འོག་མ་ལ་འབོད་པའི་སྒྲ། རང་མཉམ་ལ་འབོད་པའི་སྒྲ། ཕོ་སྐྱེས་པ་ལ་འབོད་པའི་སྒྲ་དང་། སྨན་སྐྱེས་མ་ལ་འབོད་པའི་སྒྲ་ཐག་རིང་བ་ལ་འབོད་པའི་སྒྲ་དང་། ཐག་ཉེ་བ་ལ་འབོད་པའི་སྒྲ་ལྟ་བུ་རྣམས་དང་། དེ་དག་ནང་གསེས་ལའང་ཡུལ་ལུང་སོ་སོར་འབོད་སྒྲ་མི་གཅིག་པ་སྣ་ཚོགས་སུ་ཡོད་འདུག་པས་འབོད་པ་གསལ་བྱེད་ཀྱི་སྒྲ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་མི་རིགས་གཞན་པ་སུ་ལ་ཡང་མེད་པ་འདྲ་ལ། སྲོག་ཆགས་ལ་འབོད་པའི་སྒྲ་ལའང་རྟ་དང་ཁྱི་དང་ཞི་ལུ་དང་བེའུ་སོགས་ལ་འབོད་པའི་སྒྲ་ཧ་ཅང་མང་བ་ཞིག་འདུག་ལ། འབོད་པ་གསལ་བྱེད་ཀྱི་སྒྲ་མང་པོ་ཡོད་པའི་གནད་ཀ་ཡང་ཡུལ་གྲུ་འདི་གར་གནས་པའི་མི་རྣམས་ས་དཀྱོགས་དང་ལུང་དཀྱོགས། ནགས་ཀླུང་དང་་རི་གྲོང་བཅས་ལ་འཚོ་བར་བྱེད་ཅིང་། གཅིག་གིས་གཅིག་ལ་ཕན་ཚུན་འབོད་རེས་གཏོང་བའི་སྲོལ་དེ་ཧ་ཅང་དར་སོ་ཆེ་བས་ཡིན་པར་ངེས་ལ། དེས་ན་བོད་ཅེས་པའི་མིང་འདིའི་ཡི་གེའི་གྲངས་དང་ཡི་གེའི་རྐང་གི་གྲུབ་ཚུལ་གང་ལ་དཔྱད་ཚེ། འབོད་པ་གསལ་བྱེད་ཀྱི་སྒྲ་ལ་བརྟེན་ནས་བྱུང་ཞིང་བཏགས་པ་ཞིག་ཡིན་པར་ཧ་ཅང་གསལ་བས་བོད་ཅེས་པའི་མིང་འདི་རྒྱུ་མཚན་ལ་བརྟེན་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པར་གྲུབ་བོ། ། སྤྱིར་ན་བོད་ཅེས་པའི་མིང་ཐོགས་ཚུལ་གྱི་ཐད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་«དེབ་ཐེར་དཀར་པོ་»ལས་དཔྱད་པ་འགའ་མཛད་ཡོད་དེ། ཁོང་གིས་བོད་ཅེས་ཐོགས་སྟངས་ཐད་སྣ་ཁ་བཞི་ཙམ་བརྗོད་པར་དྲན། གཅིག་རྒྱ་གར་ནས་ཚུར་བཏགས་པ་ཞིག་འདོད་པའི་ལུགས་ཡོད་ཀྱང་མི་འཐད་པའི་ཚུལ་དང་། གཉིས་རྗེ་གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡུལ་མིང་དུ་ཐོགས་པ་ཡང་སྲིད་ཅེས་དང་། གསུམ་བོན་ཚོས་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་ཡི་གེའི་ཟུར་ཉམས་པ་ལས་བོད་ཀྱི་ཡུལ་ཞེས་ཐོགས་པར་འདོད་པའི་ལུགས་དང་། བཞི་འདོད་རྒྱལ་ཙམ་གྱིས་བོད་ཅེས་ཐོགས་པ་ཡིན་ཡང་སྲིད་ཅེས་གསུངས་ཡོད་སྙམ།          

        གསུམ་པ། 

        མ་ཟད་འབོད་པ་གསལ་བྱེད་ཀྱི་སྒྲ་ནི་གདོད་མའི་སྤྱི་ཚོགས་ལ་རིམ་བཞིན་བསམ་བློའི་འཕེལ་རྒྱས་ཕྱིན་ཞིང་སྐད་ཆ་བཤད་པའི་དུས་གསར་བྱུང་བ་ལ་བརྟེན་ནས་འབོད་པ་གསལ་བྱེད་ཀྱི་སྒྲ་ཡང་དེ་དང་མཉམ་དུ་དར་ཁྱབ་བྱུང་བ་ཡིན་ལ། བོད་ཅེས་པའི་མིང་ཡང་གནའ་བོའི་དུས་རབས་རྙིང་པ་དེ་ཙ་ནས་བྱུང་བར་སྙམ་སྟེ། མཚོ་བོད་མཐོ་སྒང་འདིར་དུས་རབས་རིམ་བྱུང་གི་ལོ་རྒྱུས་ནི་རྒྱ་ཆེ་ཞིང་གྲངས་མང་བ་ཡོད་པ་དེ་རྣམས་ལ་བརྟག་ན། དེ་ཡང་སྤུ་རྒྱལ་བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་ལོ་ངོ་ཁྲི་སྟོང་མང་པོའི་སྔོན་ནས་མི་ཁྲིམས་དང་ཆོས་ཁྲིམས་ཀྱི་ལོ་རྒྱུས་མང་དུ་བྱུང་ཞིང་གདོད་མའི་སྤྱི་ཚོགས་མཇུག་རྫོགས་རྗེས་སུ། ཐོག་མར་མིའི་རིགས་ཀྱི་ཕན་ཚུན་བསྒྱུར་བཀོད་ཀྱི་ལམ་ལུགས་སམ་དབང་བསྒྱུར་བྲན་གཡོག་གི་སྤྱི་ཚོགས་ཤིག་ཚ་ཚ་འུར་འུར་དུ་བྱུང་བ་དང་། སྤྱི་ཚོགས་ཀྱི་དུས་བབ་དེའི་སྐབས་སུ་རིམ་མཐུད་བཞིན་མངའ་མཛད་དྲུག་གམ་བཅུ་གཉིས་ཞེས་བྱུང་བའི་ལོ་རྒྱུས་རྣམས་སུ་བལྟས་ན། དེ་ལ་དང་པོ་«ཆོས་འབྱུང་མཁས་པའི་དགའ་སྟོན་»ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། ། ཞེས་དང་། «ལྡེའུ་ཆོས་འབྱུང་»ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁམས་གཡང་དྲུག་ཟེར། །བརྒྱད་པ་ཀླུ་ཡིས་དབང་བྱས་བོད་ཁམས་གླིང་དགུར་བཏགས། ། ཞེས་སོགས་བྱུང་བ་དང་། «བཀའ་ཐང་སྡེ་ལྔ་ལས་»དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས། །དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། །ཞེས་སོགས་ཡིག་ཆ་དེ་དག་ཏུ་ཚིག་གི་བརྗོད་ཚུལ་མི་འདྲ་བ་ཅུང་ཟད་བྱུང་བ་ཙམ་ལས་ཐམས་ཅད་དུ་མངའ་མཛད་རྣམས་ཀྱི་དུས་སྐབས་དེ་ཚོད་ནས་བོད་ཅེས་པའི་མིང་འདི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་གསལ་འདུག་པས། དེའི་ཕྱིས་སུ་བྱུང་བའི་བོན་ཞེས་པའི་ཐ་སྙད་ལས་བོད་ཅེས་ཟུར་ཆག་པའམ་ཡིག་བརྗེ་ཡི་སྲོལ་ཅིག་འབྱུང་ཚུལ་མེད་པ་ཤེས་ནུས་ལ། ལྷག་པར་དུ་«གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་»ལས། དེ་ལྟར་ཁ་བ་ཅན་གྱི་བོད་ཁམས་འདི། །སྲིད་པ་དང་པོ་ནམ་མཁའི་ལྷས་བཟུངས་ཏེ། །ཐུགས་དཀར་གེ་ཁོད་གཙང་མའི་ལྷ་རིགས་རྣམས། །གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང་། །སྨྲ་དང་མི་ཡི་མགོན་བྱེད་བོན་བསྟན་སྲུང་། །ཅེས་བོད་དང་བོན་ཞེས་པ་གཉིས་ཆ་མི་གཅིག་པ་དང་དུས་མི་མཚུངས་པ་སོ་སོར་བཀར་ནས་གསུངས་འདུག་པས་བོན་ཞེས་པ་ལས་བོད་ཅེས་ཐོགས་པ་ཡིན་ནོ་བསམ་ཞིང་ལབ་པ་ནི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱིས་སྟོང་པའི་སྟོང་གཏམ་ཉག་གཅིག་ཏུ་ལགས་འདུག་སྙམ་མོ། ། དེས་ན་བོད་ཅེས་པའི་མིང་ནི་གོང་ཞུས་ལྟར་འབོད་པ་གསལ་བྱེད་ཀྱི་སྒྲ་ལ་བརྟེན་ནས་བོད་ཡུལ་དང་བོད་མི་ཞེས་བཏགས་པ་དང་། བོན་ཆོས་དང་སྤུར་རྒྱལ་བཙན་པོའི་རྒྱ་རབས་མ་ཚུགས་གོང་ནས་བོད་ཅེས་པའི་བརྡ་ཆད་ཀྱི་མིང་འདི་གྲ་མ་ཆག་ཟུར་མ་ཉམས་པ་ཞིག་བྱུང་ཡོད་པར་རྒྱུ་མཚན་མང་པོས་གྲུབ་འདུག་སྙམ་མོ། ། མནྜལ་གྱིས་བྲིས།