ཨརྱཎ་གྱི་མི་རྒྱུད་དང་བོད།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཨརྱཎ་བྱ་བ་ནི། སང་སྐྲི་ཏའི་སྐད་དང་ཞང་ཞུང་གི་སྐད་ཐུན་མོང་ནས་ཡིན་པར་གསལ་ལ། དེ་ལ་བོད་སྐད་དུ་འཕགས་པ་ཟེར་ཞིང་། རྒྱ་སྐད་དུ་雅利安人ཞེས་འབོད། བོད་ཀྱི་ཆོས་གཞུང་དང་ལོ་རྒྱུས་ཁག་ཏུ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་མི་བསྐྱོད་རྡོ་རྗེ་དང་། འཕགས་པ་ལྷ་ཁང་སོགས་འདིའི་ཐ་སྙད་དང་འབྲེལ་བ་མང་པོ་ཞིག་མཆིས་པའང་ཨརྱཎ་མི་རྒྱུད་ཀྱི་ལོ་རྒྱུས་སྤྱི་ལ་འབྲེལ་བ་ཡོད་པར་འདོད། ལོ་རྒྱུས་ལ་ལར་སངས་རྒྱས་ཤཱཀྱ་ཐུབ་པའང་ཨརྱཎ་མི་རྒྱུད་ཡིན་པར་བཤད་ལ། བོད་དུ་ཁྱུང་གི་རུས་རྒྱུད་ཚང་མ་ཨརྱཎ་གྱི་མི་རྒྱུད་ཡིན་པར་བཤད་དོ།། རྒྱ་གར་གྱི་སྲིད་བློན་ཉི་ཧུ་ལུའུའི་གྲོགས་པོ་དཱ་ཡན་རྡ་ཞེས་པ་དེས་བརྩམས་པའི་《རྒྱ་གར་གྱི་ལོ་རྒྱུས》ལས། ཨརྱཎ་མི་རྒྱུད་ནི་བོད་ནས་མཆེད་འོངས་ཞེས་བཤད་ཅིང་། རྩོམ་པ་པོ་ཐུ་ལེས་ཇེ་བུན་སི་ཁུ་ལོ་ཧུའོ་ཐུ་ཡིས་སྤྱི་ལོ་1976ལོར་བརྩམས་པའི་《ལས་དབང་བ》བྱ་བའི་དཔེ་ཆ་ནང་དུའང་། འཇར་མན་གྱི་ནཱ་སེ་ཡིས་སྤྱི་ལོ་1926ནས་1943ལོར་བོད་ལ་གནས་འཚོལ་བ་མངགས་ཤིང་། ཁོ་ཚོའི་དམིགས་ཡུལ་ནི་ཨརྱཎ་མི་རྒྱུད་ཀྱི་ཐོག་མའི་མེས་པོ་འཚོལ་རྒྱུ་དང་། གལ་ཏེ་རྙེད་བྱུང་ཚེ་དེ་དག་ལ་འབྲེལ་གཏུགས་བྱེད་རྒྱུ་བཅས་རེད། ཅེས་བཤད། ཡང་ཉེ་སྔོན་སྤེལ་བའི་《བོད་ཀྱི་གསང་གྲངས》(藏地密码)བྱ་བ་རུ། འཇར་མན་གྱི་ཞུས་ཐི་ལིས་བོད་ལ་མངགས་པའི་གནས་འཚོལ་བའི་ལོ་རྒྱུས་སྐོར་འཁོད་ཡོད་ཅིང་། 2004ལོའི་ཟླ་བ་7ནང་དབྱིན་ཇིའི་སྤྱི་སྤྱོད་བརྙན་འཕྲིན་ཁང་གིས། སེང་རས་བཞི་བ་སྟེང་དུ་《ནཱ་སེའི་རྒྱང་བསྐྱོད》བྱ་བའི་ཟིན་བྲིས་བརྙན་འཕྲིན་ཞིག་བསྟན་ཅིང་། དེ་ནི་(ཞིས་མའོ་ལེའི་ཤར་བསྐྱོད---1938ལོར་ནཱ་སེ་བོད་དུ་གནས་འཚོལ་བྱེད་པ)(希姆莱的东征:1938年纳粹在西藏的探险)ཞེས་པའི་དཔེ་ཆར་གཞིར་བཟུང་ནས་ཕབ་བསྐྲུན་བྱེད་པ་ཞིག་རེད་དེ། གཙོ་བོ་འཕགས་པའི་མིའམ་ཨརྱཎ་གྱི་མི་རྒྱུད་(雅利安人)ཀྱི་ཐོག་མའི་འབྱུང་ཁུངས་དང་མེས་པོ་འཚོལ་དུ་ཕྱིན་པའི་གནས་ཚུལ་འཁོད་ཡོད། ཞིས་མའོ་ལེ་ནི་ནཱ་སེ་ཏང་དམག་གི་འགོ་གཙོ་ཡིན་པར་བཤད་ལ། ཁོ་ནི་གནའ་བོའི་རུ་ཨར་མན་མིའི་གཏམ་རྒྱུད་དང་། ཤར་ཕྱོགས་ཀྱི་གསང་བ། མིའི་རིགས་པའི་ལྟ་ཚུལ་རྣམས་ལ་ཡིད་ཆེས་ཡང་དག་པ་མཆིས་པས། ནཱ་སེ་རྒྱང་བསྐྱོད་དམག་གིས་བོད་ཀྱི་རི་ལུང་ཀུན་ཉུལ་ནས་ཨརྱཎ་གྱི་མེས་པོའམ་འབྱུང་ཁུང་འཚོལ་བའི་གནད་ཀ་དེར་ཐུག་ཡོད་དོ།། འཇར་མན་གྱི་ཆབ་སྲིས་མཁས་པ་ཁ་ཨར་ཧོ་སི་ཧོས་ཨར་(卡尔•豪斯霍弗尔)གྱིས་ཨརྱཎ་གྱི་ཐོག་མའི་མི་རྒྱུད་དེ་ཡ་གླིང་གི་ལྟེ་བ་བོད་ཡུལ་ནས་མཆེད་འོངས་ཞེས་པ་ལ་ཡིད་འཆེས་པ་མ་ཟད། བོད་ནི་ཨརྱཎ་མི་རྒྱུད་དང་ཧེས་ལེ་ཨར་མི་རྒྱུད་ཀྱི་ལོ་རྒྱུས་འཚོལ་བ་ལ་ལྡེ་མིག་ལྟ་བུ་ཡིན་པར་སེམས། དེ་ལ་རྒྱབ་སྐྱོར་བྱེད་མཁན་རེན་ཏན་རྒྱལ་ཁབ་ཀྱི་གནས་འཚོལ་བ་(瑞典探险家斯文赫定)སི་ཝུན་ཧུན་ཏུན་ཡིན་ཞིང་། སི་ཝུན་ཧུན་ཏུན་ནི་དེ་སྔོན་བོད་ལ་ལྟ་སྐོར་དུ་འགྲོ་མྱོང་མཁན་ཞིག་ཡིན་ལ། ཞུས་ཐི་ལིས་ཀྱང་སི་ཝུན་ཧུན་ཏུན་གྱི་ལྟ་བ་དེར་ཧ་ཅང་འཐད་པ་བྱུང་ཡོད། དེའི་ཕྱིར་1943 ལོར་སི་ཝུན་ཧུན་ཏུན་གྱིས་བོད་ལ་ལྟ་སྐོར་དུ་འགྲོ་རྒྱུའི་རྩ་འཛུགས་ཚོགས་པ་དངོས་སུ་བཙུགས། 1938ལོར་འཇར་མན་གྱི་སྐྱེ་དངོས་རིག་པའི་མཁས་པ་ཨོ་ནེ་སི་ཐི་ཞེ་ཧས་(欧内斯特•谢弗)ཐོག་དྲངས་ཏེ་བོད་ལ་ལྟ་སྐོར་དུ་ཕྱིན་པ་དང་། དེའི་སྔོན་ཨོ་ནེ་སི་ཐི་ཞེ་ཧས་ཐེངས་གཉིས་ལ་བོད་ཡུལ་དུ་ལྟ་སྐོར་ལ་འགྲོ་མྱོང་བར་བཤད། མིའི་རིགས་ཀྱི་མཁས་པ་པོ་ལུའུ་རའོ་པུས་ཀི་ནི་(布鲁诺•贝格)དེའི་གྲས་ཀྱིས་གཅིག་ཡིན་ཞིང་། ཁོའི་འགན་འཁྲི་ནི་བོད་མི་རྣམས་ལ་ཚན་རིག་གི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་དེ་རེད། ཁོས་སྐབས་དེར་བོད་དང་འབྲུག་པའི་མི་300ཡས་མས་ཤིག་ལ་རུས་ཚུགས་བརྟག་དཔྱད་བྱས་ཤིང་། མི་ལུས་ཀྱི་བྱང་ཁོག་རྣམས་ཀྱི་བཟོ་ལྟ་ལ་ཞིབ་ལྟའི་ཟིན་བྲིས་བཏབ། མིའི་རིགས་ཀྱི་རིག་པ་ལྟར་ན། བོད་དང་། སོག་པོ། ཡོ་རོབ་བཅས་མི་རྣམས་ཀྱི་མཆེད་ཁུངས་ནི་གཅིག་ཡིན་པར་ངོས་འཛིན་དང་ཡིད་འཆེས་བྱེད། ཁོའི་ལྟ་ཚུལ་ལྟར་ན། གལ་ཏེ་འཇར་བྷན་དང་འཇར་མན་གཉིས་ཀྱིས་འཛམ་གླིང་དབང་བསྒྱུར་བྱེད་ནུས་ན་བོད་རིགས་ནི་ཧ་ཅང་གི་གལ་གནད་ཅིག་ཡིན་པར་འདོད་ཅེས་འཁོད་ཡོད།
གཞན་མཱ་ཅན་གྱི(འཇའ་མན་པ་རྣམས་བོད་ཀྱི་རིག་དངོས་ལ་དགའ་བའི་རྒྱུ་རྐྱེན)བྱ་བའི་རྩོམ་ཡིག་ནང་དུ། ཚང་མས་ཤེས་གསལ་བཞིན། ཡོ་རོབ་དང་ཨ་རི་བཅས་ནི་བོད་ཀྱི་རིག་དངོས་ལ་དགའ་བའི་དུས་ཡུན་ནི་ཧ་ཅང་རིང་ལ། དེའི་ནང་ནས་ཀྱང་། འཇར་མན་གྱི་ཉར་ཚགས་པ་དེ་བས་མང་། དཔེར་ན། འཛམ་གླིང་བོད་ཀྱི་ཤུལ་བཞག་ཚོགས་པའི་ལྟེ་བའང་འཇར་མན་དུ་ཚུགས་ཡོད་པ་ལྟ་བུ་རེད། དེང་སང་འདི་དག་གི་རྒྱུ་མཚན་ཤེས་མཁན་ཆེས་ཉུང་ངུ་ཞིག་ལས་མེད་ལ། འཇར་མན་པ་རྣམས་བོད་ཀྱི་རིག་གནས་ལ་དེ་ལྟར་དགའ་བའི་རྒྱུ་རྐྱེན་ནི། བོད་ཀྱི་རིག་དངོས་རྣམས་ལ་ཧ་ལམ་ལྷ་སྒྲུང་དང་ཆོས་ལུགས་ཀྱི་གསང་བ་མཆིས་པ་ཁོ་ནའི་དབང་གི་མིན་ཏེ། དོན་དངོས་འཇར་མན་པ་ཚོས་བོད་ཀྱི་རིག་གནས་དང་རིག་དངོས་ལ་དེ་འདྲའི་དུངས་པ་ཟབ་ཅིང་སྤྲོ་བ་ཆེ་བའི་ཤུགས་ན། ད་དུང་མི་རྣམས་ཀྱིས་མ་ཚོར་བའི་རིག་གནས་ཀྱི་བག་ཆགས་གནས་སྟངས་གཞན་ཞིག་མཆིས། གལ་ཏེ་གནས་སྟངས་དེའི་རྒྱབ་ལྗོངས་ཤེས་ཐུབ་ཚེ་ད་གཟོད་འཇར་མན་གྱི་ཉར་ཚགས་པའི་དགའ་ཕྱོགས་དེ་ཤེས་ནུས་སོ།། ཞེས་གསལ། ཨའོ་ཏི་ལིས་ཀྱི་ཧཱ་ལི་ཡིས་གཙོར་མཛད་དེ་སྤྱི་ལོ་1943ལོར། བོད་དུ་ཤམ་བྷ་ལའི་(沙姆拉)ལམ་འཚོལ་དུ་འོངས་པ་རྣམས་རྒྱ་གར་དུ་བཅའ་སྡོད་བྱེད་པའི་དབྱིན་ཇིའི་དམག་གིས་བཟུང་པ་ལ་སླར་མཐར་ནས་བོད་དུ་བྲོས་འོངས་ཏེ། ཕྱིས་རྒྱལ་དབང་ཚང་གི་དབྱིན་ཡིག་དང་སྲིད་ཀྱི་དགེ་རྒན་བྱས། སྤྱི་ལོ་1951ལོར་ཧཱ་ལི་བོད་ནས་ཨའོ་ཏི་ལིས་ལ་ལོག་སྐབས་ཁོའི་ཅ་ལག་ཡོད་ཚད་དབྱིན་ཇིའི་དམག་གིས་གཞུང་བཞེས་གནང་ཞིང་། དབྱིན་ཇི་དང་། འཇའ་མན། ཨ་རི་སོགས་ཀྱིས་གྲོས་མོལ་བྱས་པ་བཞིན་2044ལོར་དེའི་ནང་དོན་ཅི་ཡིན་གསལ་བསྒྲགས་བྱེད་རྩིས་ཡོད་པར་བཤད། དེ་ལྟ་བུ་གསང་དོན་བྱེད་དགོས་པའི་རྒྱུ་མཚན་ཡང་གཙོ་བོ་གོང་དུ་བཤད་པའི་ཨརྱཎ་གྱི་མི་རྒྱུད་ཀྱི་རིགས་རུས་མཆེད་ཁུངས་ལ་ཐུག་ཡོད། ཨརྱཎ་གྱི་མི་རྒྱུད་དང་བོད། 1945ལོར་སུའུ་ལེན་དམག་གིས་འཇའ་མན་གྱི་བཙན་རྒྱལ་ཐོག་ཁང་ཆེན་མོའི་ས་འོག་གི་ཁང་བའི་ནང་བོད་ཀྱི་གྲྭ་བ་འགའ་བསད་ཡོད་པའི་བེམ་པོ་མཐོང་ཡོད་པར་བཤད་འདུག བཤད་ཚུལ་ཡིན་ན་གྲྭ་བ་དེ་དག་ནི་ཞིས་ཐི་ལི་ཡིས་བོད་ལ་མངགས་པའི་གནས་སྐོར་ཚོགས་པས་ལྐོག་ཏུ་གདན་དྲངས་ནས་སུའུ་ལེན་ལ་མཐུ་རྒྱག་མཁན་གྱི་གྲྭ་བ་ཡིན་པར་ངོས་འཛིན་གནང་འདུག།གནས་ཚུལ་དེ་དག་གི་ཐོག་མའི་འབྱུང་ཁུངས་ནི། གྷི་རིགས་ཀྱི་མཚན་ཉིད་རིག་པའི་མཁས་པ་པོ་ལཱ་ཐུའུ་ཡིས་སྤྱི་ལོ་སྔོན་གྱི་350ཡས་མས་སུ་བརྩམས་པའི《བགྲོ་གླེང་ཟིན་ཐོ》བྱ་བའི་དཔེ་ཆའི་ནང་དུ། དེ་སྔོན་ཏུས་གྲུང་རྒྱ་མཚོའི་ནུབ་ཕྱོགས་སུ་ཡོད་པའི་ཡཱ་ཐི་ལན་ཏུས་ཟི་(亚特兰蒂斯)བྱ་བ་དེ་ནི་ཧེས་གླིང་དབུས་མ་ལས་ཀྱང་ཆེ་བའི་གླིང་ཆེན་ཞིག་ཡིན་ཞིང་། དེར་སྡོད་པའི་མི་རྣམས་ནི་སྟོབས་འབྱོར་མངའ་ཐང་དར་ཞིང་། རྫུ་འཕྲུལ་མཐའ་ཡས་པ་ལྡན་པའི་མི་རིགས་རླབས་ཆེན་ཞིག་ཡིན་ཡང་། སྐབས་ཤིག་ལ་ས་འགུལ་དྲག་པོ་ཞིག་འོངས་ནས་གླིང་ཆེན་གྱི་མི་དང་བཅས་རྒྱ་མཚོའི་ནང་དུ་ནུབ། དེའི་གྲས་ཀྱི་མི་ལ་ལ་ཞིག་གྲུར་བསྡད་དེ་དེང་གི་བོད་ཡུལ་དང་རྒྱ་གར་སོགས་སུ་སླེབས་ནས་གཞིས་ཆགས་ཤིང་། མི་རྒྱུད་དེ་རྣམས་ཕྱིས་སུ་ས་གནས་དེའི་གདོད་མའི་མི་དང་གཉེན་བསྒྲིགས་པའི་རྐྱེན་གྱིས་རིགས་རྒྱུད་གཙང་མ་ཉམས། ཕྱིས་སུ་མི་རྒྱུད་མ་ཉམས་པའི་རིགས་དེ་རྣམས་ལ་ཨརྱཎ་སྟེ་འཕགས་པ་བྱ་བ་འདི་རྣམས་ཡིན་ལ། མི་རྒྱུད་དེ་རྣམས་ཕྱིས་སུ་ཏ་ཟིག་བརྒྱུད་དེ་ཡོ་རོབ་གླིང་སོགས་སུ་སླེབས་པ་ལས་འཇའ་མན་གྱི་རི་ཨར་མན་མི་རིགས་ནི་དེའི་རྒྱུད་པ་ཤ་སྟག་ཡིན་པར་ཡིད་ཆེས་བྱུང་ནས། ཞུས་ཐི་ལི་ཡིས་གྲོགས་ཞིས་མའོ་ལེའི་བག་ཆགས་ཐེབས་པའི་དབང་གིས་བོད་ལ་གསང་དམག་ཚོགས་པ་ཞིག་མངགས་ཏེ། ཤམ་བྷ་ལ་(沙姆巴拉)འགྲོ་བའི་ལམ་འཚོལ་བར་བྱེད་ཅིང་། གལ་ཏེ་དངོས་གནས་རྙེད་ཐུབ་ཚེ། དེར་གོ་ལར་དབང་བསྒྱུར་བྱེད་ཐུབ་པའི་རིག་སྔགས་ཀྱི་རྫས་ཁྱད་པར་བ་ཡོད་པས། འཇའ་མན་གྱི་མཁའ་དམག་སྟོང་ཕྲག་ཅིག་དེར་བཏང་ནས་འཆི་མེད་གསང་དམག་ཚོགས་པ་ཞིག་བཙུགས་ནས་འཛམ་གླིང་དབང་བསྒྱུར་བྱེད་རྒྱུ་བཅས་ནི། ཧཱ་ལི་སོགས་བོད་དུ་ཡོང་བའི་དམིགས་ཡུལ་གཙོ་བོ་ཡིན་པར་བཤད། གང་ལྟར་གོང་འཁོད་ཀྱི་ནང་དོན་ཁག་ལ་དཔགས་ན་ཨརྱཎ་མི་རྒྱུད་ནི་བོད་ནས་མཆེད་པར་གསལ་བས། མ་འོངས་པ་ན་བོད་ཀྱི་ན་གཞོན་རིག་སྟོབས་དང་ལྡན་པ་ཚོས་འདིའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱས་ཏེ། འཛམ་གླིང་སྟེང་བོད་ཀྱི་རིག་གནས་དང་མི་རྒྱུད་ཀྱི་ཐོག་མའི་གནས་ཚུལ་རྣམས་ལ་ཡང་བསྐྱར་ངོས་འཛིན་ཡང་དག་པ་ཞིག་བྱ་རྒྱུ་གལ་ཆེའོ།།
མདོར་ན་ཨརྱཎ་མི་རྒྱུད་ཀྱི་ཐུན་མོང་གི་རྟགས་མཚན་ནི། ཁོ་ཚོས་ལུས་ལ་གཟི་དང་གཡུ་འདོགས་པ་དང་། ཐབས་མཚོན་རྡོ་རྗེ་དང་། ཤེས་རབ་མཚོན་དོན་པདྨ་དང་། ཆོས་འབྱུང་བསྣོལ་མ་དང་། ཁྱུང་དང་། གཡུང་དྲུང་གི་རི་མོ་བཅས་ནི་དད་པ་བྱེད་ཡུལ་གྱི་བརྗོད་བྱ་གཙོ་བོར་བྱེད་ཅིང་། དེའི་རྟགས་མཚན་སྣ་ཚོགས་ཤིག་དངོས་ཆས་དང་དངོས་ཆས་མ་ཡིན་པའི་རིགས་ལ་བཀོད་དེ། རྟག་ཏུ་གསོལ་མཆོད་བྱེད་པ་དང་དད་པའི་དམིགས་རྟེན་དུ་འཛིན་པ་སོགས་བྱེད་དོ།