རྩོམ་པ་པོ།   ཚེ་རིང་སྒྲོལ་མས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སུམ་རྩེན་གླིང་དགོན་པའི་སྤྲུལ་སྐུ་ཟངས་འབུམ་དཀོན་མཆོག་འགྱུར་མེད་བློ་བཟང་རྒྱ་མཚོ་སྐུ་རབས་གསུམ་པ་ནི་བོད་ས་ཁྱི་ལོ་སྟེ་སྤྱི་ལོ་1898ལོར་སྐུ་མྱ་ངན་ལས་འདས་པ། ལོ་གཅིག་གི་རྗེས་སུ། དགོན་པས་ཡང་སྲིད་འཚོལ་བའི་གོ་རིམ་ལྟར། རྡོ་མཁར་ཁམས་ཚན་གྱིས་སྣེ་ཁྲིད་དེ་སྤྲུལ་སྐུ་ཟངས་འབུམ་སྐུ་རབས་གསུམ་པའི་དབུ་མཛད་གཙོ་བོར་བྱས་ནས་འཚོལ་བསྡུ་ཚོ་ཆུང་བཙུགས་ནས་ཡང་སྲིད་འཚོལ་བ་རེད།
བོད་ཟླ་ལྔ་པའི་རྒྱལ་ཐང་གི་སྤང་ཐང་སྔོ་སིང་སིང་དུ་གྱུར་ཡོད་ལ། མཐའ་འཁོར་གྱི་རི་ལུང་དུ་སྟག་མ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ མི་རྣམས་ཀྱིས་ནས་ཞིང་ནང་ཡུར་མ་ཡུར་བར་བྲེལ་བཞིན་འདུག འོ་མ་མཚོ་ཁའི་བྲག་སྣ་ཟམ་ཁ་(ད་ལྟར་བྲག་སྣ་འགོ་བ་ཟེར)ཚང་གི་ནོར་བུ་ཚེ་རིང་དང་གཡང་འཛོམས་སྒྲོལ་མ་གཉིས་ཀྱི་ཕྲུ་གུ་ཨང་གསུམ་པ་སྐྱེས་ལ་ཉེ། ཁོང་གཉིས་ཀྱི་ཕྲུ་གུ་དང་པོ་ནི་བུ་ཚ་ཡིན་པ་དང་གཉིས་པ་ནི་བུ་མོ་ཡིན། ད་ལྟའི་ཕྲུ་གུ་དེ་མ་སྐྱེས་སྔོན་གྱི་དགོང་མོར། གཡང་འཛོམས་སྒྲོལ་མས་རྨི་ལམ་ཞིག་རྨིས་ཏེ་མོས་གཟི་བརྗིད་ལྡན་པའི་དགོན་པ་ཞིག་ཏུ་སོང་བ་དང་དེའི་ནང་དུ་ཆོས་གཞུང་མང་པོ་བཞག་ཡོད། ཡིན་ཡང་ཕྱིར་འགྲོ་སའི་ལམ་མེད་པས་མོས་ཕྱིར་ཐོན་མི་ཐུབ། སྐབས་དེར། གྲྭ་བ་ཅིག་ཡོང་ནས་མོ་ལ་ཆོས་གཞུང་མང་པོ་སྟེར་ནས་སྤྲུལ་སྐུ་ཟངས་འབུམ་ཁྱོད་ཚང་ལ་ཕེབས་པ་དང་ཁྱོད་ཚོས་ཁོང་གསོ་སྐྱོང་ཡག་པོ་བྱེད་དགོས་ཞེས་ཟེར། གཡང་འཛོམས་སྒྲོལ་མས་རྨི་ལམ་དེ་ཁྱོ་ག་ལ་བཤད་པ་དང་ནང་མི་ཀུན་གྱིས་ཤེས་རྗེས་ལྷ་ཁང་དུ་སོང་ནས་ཆོས་འདོན་པ་དང་ཕྱག་འཚལ་བ།
ཕྱི་ཉིན། ནོར་བུ་ཚེ་རིང་ཚང་རྒྱབ་ཀྱི་ཁ་རི་ནས་འཇའ་ཚོན་ཞིག་ཆགས་པ་དང་། ཁང་པའི་མདུན་གྱི་མཚེའུ་ནས་དུང་སྐད་ཤོར་བ། ཉིན་དེར་ཁ་བ་བབས་པ་དང་རླུང་གཡུག་འདུག་ལ། གཡང་འཛོམས་སྒྲོལ་མའི་བུ་ཞིག་སྐྱེས་པ་དང་བུ་དེ་སྐྱེས་དུས་ཁ་བ་དང་རླུུང་ཆད་པ་རེད།
བུ་དེ་སྐྱེས་ནས་ཉིན་གསུམ་སོང་རྗེས། གཡང་འཛོམས་སྒྲོལ་མས་བུ་ཁྲིད་དེ་སྡེ་བ་ནང་གི་ཚངས་པ་རྒན་པོ་ལ་མིང་ཞུ་བར་སོང་། ཚངས་པ་རྒན་པོས་བུ་དེ་མཐོང་རྗེས་ངོ་ལ་འཛུམ་མདངས་ཆགས་ཏེ་གཡང་འཛོམས་སྒྲོལ་མ་ལ་ཁྱོད་ཀྱི་བུའི་མིང་ལ་སངས་རྒྱས་ལྷུན་གྲུབ་ཞེས་བཏགས། བུ་འདི་བསོད་ནམས་ཆགས་པ་དང་ཁྱོད་ཚོས་གསོ་སྐྱོང་ཡག་པོ་བྱེད་དགོས་ཞེས་ཟེར།
ཆུང་དུས་ཀྱི་སངས་རྒྱས་ལྷུན་གྲུབ་ནི་སྡེ་བ་ནང་གི་བྱིས་པ་གཞན་དང་བཞིན། གནམ་སྔོ་པོ་དང་སྤྲིན་དཀར་པོ། ནོར་ལུག་དང་རྟ་ཁྱུ་སོགས་ལ་དགའ་བ་དང་། ནས་ཞིང་ནང་ཡུར་མ་ཡུར་བའང་དགའ། ཁོས་རྟག་ཏུ་ཕུ་བོའི་རྗེས་སུ་འབྲངས་ནས་གྲོགས་པོ་རྣམས་དང་སྤང་ཐང་སྔོ་ལྗང་སྟེང་དང་ནག་ཆུའི་འགྲམ་དུ་རྩེད་མོ་རྩེ། ད་དུང་ཕུ་བོ་དང་མཉམ་དུ་ཕྱུགས་འཚོ་བ་དང་ཕག་གཏོར་འཚོལ་བས་ནང་མི་ཡོངས་ཀྱིས་ཁོ་ལ་དགའ་ཞེན་ཆེ།
སངས་རྒྱས་ལྷུན་གྲུབ་ལོ་བཞི་ལོན་པའི་ཉིན་ཞིག ཁོང་གི་ཨ་མ་གཡང་འཛོམས་སྒྲོལ་མས་ནས་ཞིང་ནང་ཡུར་མ་ཡུར་དུས། ཁ་སྤྲོད་ཀྱི་སུམ་རྩེན་གླིང་དགོན་པའི་རི་ནས་གྲྭ་བ་ལྔ་དྲུག་ཡོང་ནས་མོའི་མདུན་དུ་སླེབས། མོས་གྲྭ་བ་མཐོང་རྗེས་ལག་ནང་གི་ལས་བཞག་ནས་གུས་བཀུར་ཆེན་པོའི་ངང་གུས་པར་འོས་པའི་བླ་མ་སྐྱེས་ཆེན་རྣམས། ཁྱེད་རང་ཚོ་སྐུ་ལས་ཁག་སོང་ཞེས་ཟེར།
གྲྭ་བ་དེ་ཚོའི་ལོ་ན་ཅུང་རྒས་པ་ཞིག་གིས་གཡང་འཛོམས་སྒྲོལ་མ་ལ་ཨ་རོགས་སྲིང་མོ། ཁྱོད་བྲག་སྣ་ཟམ་ཁ་ཚང་ཨེ་ཡིན། ཁྱོད་ཚང་ལ་བུ་གཉིས་ཡོད་ཨེ་ཡིན་ཞེས་འདྲི།
གཡང་འཛོམས་སྒྲོལ་མས་གཏན་འཁེལ་པའི་ལན་ཐོབ་རྗེས་མུ་མཐུད་ནས་ང་ཚོས་ཁྱོད་ཚང་ལ་ཇ་ཞིག་སྐོལ་ནས་དགུང་ཟས་ཞིག་བཟའ་འགྲོ་ན་ཨེ་ཆོག་ཞེས་འདྲི།
གཡང་འཛོམས་སྒྲོལ་མས་ཆོག་དང་ཆོག་དང་། ཁྱིམ་ནང་བྱོན་རོགས་ཞེས་ཟེར་ནས་འཇོར་རབ་ནས་ཁྱིམ་ནང་ཁྲིད་དེ་མེ་འབར་བ་དང་ཇ་སྐོལ་བར་བྲེལ། སངས་རྒྱས་ལྷུན་གྲུབ་ཀྱིས་གཟན་གྱོན་པའི་རྒྱུས་མེད་མི་དེ་ཚོ་མཐོང་ནའང་མ་འདྲིས་བ་ཅི་ཡང་མེད་པར་གྲྭ་བ་རྣམས་དང་རྩེད་མོ་རྩེ། གྲྭ་བ་རྣམས་ཀྱིས་སངས་རྒྱས་ལྷུན་གྲུབ་ནི་པགས་པ་དཀར་ཞིང་རྣ་ཆེ་བ། གདོང་གི་བཞིན་རས་མཛེས་པས་ཧ་ཅང་དགའ་འོས་པར་མཐོང་།
དགུང་ཟས་ཟོས་རྗེས། གྲྭ་རྒན་དེས་གཡང་འཛོམས་སྒྲོལ་མ་ལ་ང་ཚོས་ཕར་གྱི་མཚེའུ་ནང་ལུས་བཀྲུ་བར་འགྲོ་རྒྱུ། བུ་གཉིས་ང་ཚོ་དང་མཉམ་དུ་འགྲོ་རུ་བཅུག་ཨ་ཞེས་ཟེར། ཨ་མས་ཁས་ལེན་ཐོབ་རྗེས་སྤུན་གཉིས་ཀྱིས་དགའ་སྤྲོའི་ངང་གྲྭ་བ་ཚོའི་རྗེས་སུ་འབྲངས་ནས་མཚེའུ་ཕྱོགས་སུ་སོང་།
མཚེའུ་འགྲམ་སླེབས་རྗེས། གྲྭ་བ་ཚོས་སྤུན་གཉིས་ལ་ལུས་བཀྲུས་རྗེས་ཁ་བཏགས་དཀར་པོ་ཞིག་དང་སེར་པོ་ཞིག་བླངས་ནས། གྲྭ་རྒན་གྱིས་སྤུན་གཉིས་ལ་ཨ་རོགས་གཉིས། ཚུར་ཤོག་ཡ། ཁྱོད་གཉིས་ཀྱིས་ཁ་བཏགས་དེ་གཉིས་ལས་རང་གི་དགའ་བ་ཞིག་བདམས་ཤོག་ཞེས་ཟེར།
སངས་རྒྱས་ལྷུན་གྲུབ་ཀྱི་ཕུ་བོས་ངས་ཁ་བཏགས་མི་དགོས་ཞེས་ལན་འདེབས།
སངས་རྒྱས་ལྷུན་གྲུབ་ཀྱིས་ཚུར་ལྟ་ཕར་ལྟ་བྱས་ནས་ངས་ཁ་བཏགས་སེར་པོ་འདི་དགོས་ཞེས་ཟེར་བ་དང་ཁ་བཏགས་དེ་ལག་ཏུ་བཟུང་ནས་འཇོག་འདོད་མེད་པ། གྲྭ་བ་རྣམས་ཀྱིས་མཐོང་རྗེས་སྤྲོ་ཐུང་ཆགས་ཏེ། བུ་འདི་ཧ་ལམ་ང་ཚོས་འཚོལ་བཞིན་པའི་ཡང་སྲིད་ཡིན་རྒྱུ་སྙམ།
ཁོང་ཚོ་བྲག་སྣ་ཟམ་ཁ་ཚང་ལ་ལོག་རྗེས། གྲྭ་བ་དར་མ་ཞིག་གིས་གྲྭ་རྒན་ལ་བརྟེན་ནས་ནོར་བུ་ཚེ་རིང་ལ་འདི་ནི་དགོན་པ་ནང་གི་བླ་ཆེན་གྲགས་ཅན་རེད། སྤྲུལ་སྐུ་ཟངས་འབུམ་སྐུ་རབས་སྔོན་མའི་དབུ་མཛད་རེད་ཞེས་ཟེར། ནོར་བུ་ཚེ་རིང་གིས་ཉན་རྗེས་མགྱོགས་པོར་ཕྱག་འཚལ་བ། གྲྭ་རྒན་གྱིས་ནོར་བུ་ཚེ་རིང་ཡར་སྐྱོར་ནས་ཁྱོད་ཀྱི་བུ་ཆུང་སྐྱེས་དུས་སྔ་ལྟས་ཅི་ཨེ་སྣང་ཞེས་འདྲི། དེ་ནས་ནོར་བུ་ཚེ་རིང་གིས་བུ་མ་སྐྱེས་སྔོན་ནུབ་ཆུང་མས་རྨིས་པའི་རྨི་ལམ་དང་བུ་སྐྱེས་དུས་འཇའ་ཚོན་ཆགས་པ་དང་དུང་སྐད་ཤོར་བ། ཁ་བ་དང་རླུང་ཆད་པ་བཅས་ཇི་མ་ཇི་བཞིན་བཤད་ནས་གྲྭ་བ་རྣམས་ཀྱིས་ཉན་རྗེས་མགོ་ལྕོག་ལྕོག་བྱས་པ།
དེ་ནས་གྲྭ་བ་རྣམས་ཀྱིས་ཐབ་ཁའི་མདུན་ཆོས་ཆས་དང་ཕྲེང་བ། དེ་མིན་བྱིས་པ་ཚོས་དགའ་བའི་དངོས་པོ་འགའ་བཞག་ནས་སངས་རྒྱས་ལྷུན་གྲུབ་ལ་རང་དགའ་བ་བདམས་བཅུག སངས་རྒྱས་ལྷུན་གྲུབ་ཀྱིས་ཡུད་ཙམ་བལྟས་རྗེས་ཕྲེང་བ་བཟུང་ནས་འདི་ངའི་རེད་ཞེས་ཟེར་བ་དང་། ཡང་དངུལ་ཕོར་ཞིག་བླངས་ནས་འདི་ཡང་ངའི་རེད་ཞེས་ཟེར་ནས་དངུལ་ཕོར་ཨ་མ་ལ་སྟེར་ནས་ཁོས་རྩམ་པ་བཟའ་རྒྱུ་ཟེར། དེའི་རྗེས་སུ་སྐྱིལ་ཀྲུང་རྒྱབ་པ་དང་ཕྲེང་བ་ལག་ཏུ་བཟུང་སྟེ་ཐལ་མོ་སྦྱར་ནས་ཨོ་མཎི་པདྨེ་ཧཱུ་ཞེས་འདོན་པ། ཕྲེང་བ་དང་དངུལ་ཕོར་ནི་སྐུ་རབས་སྔོན་མའི་སྤྲུལ་སྐུ་ཟངས་འབུམ་གྱི་ལུས་འབྱར་མཁོ་ཆས་ཡིན་ལ། སངས་རྒྱས་ལྷུན་གྲུབ་ཀྱི་བྱ་སྤྱོད་དེ་དག་ནས་སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་ཡིན་པ་གསལ་པོ་མངོན་ཐུབ།
གྲྭ་རྒན་གྱིས་སངས་རྒྱས་ལྷུན་གྲུབ་ཀྱི་ཕ་མ་གཉིས་ལ་ང་ཚོ་ནི་སུམ་རྩེན་གླིང་དགོན་པ་རྡོ་མཁར་ཁམས་ཚན་གྱི་ཡིན་ལ། སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་འཚོལ་བར་ཡོང་ཡིན། དེ་རིང་ང་ཚོས་ཁྱོད་ཚང་གི་སངས་རྒྱས་ལྷུན་གྲུབ་ནི་སྐུ་རབས་སྔོན་མའི་སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་ཡིན་པར་ཡིད་ཆེད་བརྟན་པོ་བྱུང་འདུག ཁྱོད་ཚོས་ཁོང་གསོ་སྐྱོང་ཡག་པོ་བྱེད་དགོས་པ་དང་། དགོན་པས་མཐའ་མའི་ངོས་འཛིན་བྱེད་རྗེས་ང་ཚོས་སྤྲུལ་སྐུ་བསུ་ཡོང་རྒྱུ་ཞེས་ཟེར།
ནོར་བུ་ཚེ་རིང་བཟའ་ཚང་གཉིས་དང་ནང་མི་ཀུན་གྱིས་གྲྭ་རྒན་གྱི་སྐད་ཆ་ཉན་རྗེས་སྤྱོ་པོ་བྱུང་ནས་སྐད་ཆ་བཤད་མི་ཐུབ་པ། དེ་ནས་གྲྭ་རྒན་གྱིས་སངས་རྒྱས་ལྷུན་གྲུབ་ཀྱི་ཕ་མ་གཉིས་ལ་དོན་དག་འགའ་རྩིས་སྤྲོད་བྱས་ནས་དགོན་པ་ལ་ལོག་འགྲོ སངས་རྒྱས་ལྷུན་གྲུབ་ཀྱིས་ཨ་མྱེ་སྨ་ར་དཀར་པོ་དེ་འགྲོ་རན་བར་མཐོང་ནས་ཚུར་འོང་སྟེ་ང་ཁྱིམ་ནང་ཁྲིད་རོགས། ང་ཁྱིམ་ནང་ཁྲིད་རོགས་ཞེས་ཟེར།
དེའི་སྔོན། སུམ་རྩེན་གླིང་དགོན་པའི་རྡོ་མཁར་ཁམས་ཚན་གྱིས་སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་འཚོལ་བའི་དུས་སུ། བོད་ལྗོངས་ལྷོ་ཁའི་ལྷ་མོ་བླ་མཚོ་ལ་ལྟ་བ་དང་། ལྷ་སའི་དགོན་པ་ཆེན་པོ་ཁག་གི་བླ་ཆེན་ལ་བློ་འདྲི་བ་སོང་ནས་ཡང་སྲིད་འཁྲུངས་བའི་ཕྱོགས་གནས་གཏན་འཁེལ་བ་རེད། ལོ་དེར། སུམ་རྩེན་གླིང་དགོན་པའི་བྲག་གཡག་ཁམས་ཚན་གྱི་སྤྲུལ་སྐུ་བཀའ་འགྱུར་སྐུ་རབས་གཉིས་པ་ཡིས་སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་འཚོལ་བའི་ཆོ་ག་གཙོ་སྐྱོང་གནང་བ་དང་། དགོན་པའི་ཁམས་ཚན་ཁག་གི་བླ་ཆེན་དག་མཛད་སྒོར་ཞུགས། ཁོང་ཚོས་ཤར་ལྷོ་ནུབ་བྱང་བྲིས་ཡོད་པའི་ཤོག་བུ་རྗེན་རིལ་ནང་སྒྲིལ་ནས་བུམ་པའི་ནང་འཇུག དམ་སྦྱར་ནས་སྐུ་རབས་སྔོན་མའི་སྤྲུལ་སྐུ་ཟངས་འབུམ་གྱི་སྐུ་གདུང་མདུན་དུ་བཞག་བ། དེ་རྗེས་བླ་མ་དང་གྲྭ་བ་ཡོངས་ཀྱིས་ལྷ་ཁང་དུ་བསྡད་དེ་ཆོས་འདོན་ནས་སྨོན་ལམ་འདེབས་པ། ཕྱི་ཉིན་མི་མང་པོའི་མདུན་དུ་བུམ་པ་ཁ་འབྱེད་དེ་གཡོ་བ། དེ་ནས་རྗེན་རིལ་གཅིག་དར་སེར་འདིང་ཡོད་པའི་སྡེར་ནང་ཟགས་བ་དང་ཁ་འབྱེད་དེ་ལྟ་དུས། དེའི་ཐོག་སུམ་རྩེན་གླིང་དགོན་པའི་ཤར་ཕྱོགས་ཏེ་འོ་མ་མཚོ་ཁའི་རྒྱུད་གཅིག་གི་ཕྱོགས་སྟོན་ཡོད་ལ། མོ་ནས་སྤྲུལ་སྐུ་ཟངས་འབུམ་རྒྱལ་ཐང་ནས་ཁ་བྲལ་མེད་པར་བབས། གནས་ཚུལ་དེ་དག་ཕྱོགས་བསྡོམས་བྱས་ནས་དབྱེ་ཞིབ་བྱེད་ན། ཡང་སྲིད་འཁྲུངས་པའི་གནས་དེའི་ཞིང་དུད་ཀྱི་ཁང་པའི་རྒྱབ་ཏུ་གནས་རི་ཞིག་ཡོད་པ་དང་རི་དེའི་མདུན་དུ་ཆུ་བོ་ཞིག་རྒྱུག་ཡོད། ཁང་པའི་མདུན་དུ་མཚེའུ་ཞིག་ཡོད་དེ་གནས་ཡུལ་ཤིན་ཏུ་བཟང་བའི་སྡོམ་ཚིག་ཐོབ། ཡང་སྲིད་འཚོལ་བའི་ཚོ་ཆུང་གིས་ས་དབྱིབས་དེ་ལྟར་འཚོལ་བ་དང་དཔྱད་བསྡུར་ཞིབ་ཚགས་བྱས་ནས། སུམ་རྩེན་གླིང་དགོན་པ་དང་ཐག་མི་རིང་བའི་སྤང་ཐང་སྟེང་གི་བྲག་སྣ་ཟམ་ཁ་ཚང་གི་ས་གནས་དེ་མཚེའུ་ལྟ་བ་དང་ལྷ་ཁྲིད། མོ་འདེབས་བ་བཅས་ཀྱི་སྡོམ་ཚིག་དང་མཐུན་པར་མཐོང་། ཡང་སྲིད་ཀྱི་ཕྱོགས་གནས་གཏན་འཁེལ་བྱས་ནས་འཚོལ་བསྡུ་མི་སྣས་བྲག་སྣ་ཟམ་ཁ་ཚང་ལ་ཡོང་ནས་ཡང་སྲིད་ལ་སྐུ་རབས་སྔོན་མའི་སྤྲུལ་སྐུ་ཟངས་འབུམ་སྤྱོད་མྱོང་བའི་དངོས་པོ་ངོས་འཛིན་བྱེད་དུ་བཅུག་ནས་བྲག་སྣ་ཟམ་ཁ་ཚང་གི་བུ་ཆུང་སངས་རྒྱས་ལྷུན་གྲུབ་སྐུ་རབས་སྔོན་མའི་སྤྲུལ་སྐུ་ཟངས་འབུམ་གྱི་ཡང་སྲིད་ཡིན་པ་གཏན་འཁེལ་བྱས་པ་རེད།