རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-07-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཚོགས་རའི་ཡུལ་དངོས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ཐོག རྨ་ལྷོ་ཚགས་པར་ཁང་གིས་གཙོ་སྒྲུབ་དང་། རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་གཟབ་རྒྱས་ངང་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུ་ལ་པེ་ཅིན་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ཚགས་པར་དང་དུས་དེབ། བརྙན་འཕྲིན་དང་དྲ་རྒྱ་སོགས་བོད་ཡིག་སྨྱན་སྦྱོར་ལས་ཁུངས་40དང་འགན་འཁུར་བ་མི་70ལྷག་ཞུགས་ཡོད་པ་རེད།
རྨ་ལྷོ་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཞུའེ་ཅོན་གྱིས་གསུང་བཤད་གནང་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་གསུང་བཤད་གནང་བཞིན་པ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཤར་རྒྱུད་དུ་ཆགས་ཤིང་། རྨ་ཆུའི་ལྷོ་ཕྱོགས་སུ་གནས་ཡོད་པས་མིང་དེ་གར་ཐོགས། ཁུལ་འདིའི་མངའ་ཁོངས་ནང་དུ་རེབ་གོང་དང་། རྩེ་ཁོག གཅན་ཚ། རྨ་ལྷོ་བཅས་རྫོང་བཞི་ཡོད། དེའི་ནང་རེབ་གོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་རྫོང་ཁོ་ན་དེ་ཡིན་པ་རེད། རེབ་སའི་གོང་ན་ཆགས་པས་རེབ་གོང་དང་། རེ་བ་ཡིད་བཞིན་དུ་སྐོང་བའི་ས་ཡིན་པས་རེ་སྐོང་ཞེས་འབོད་སྲོལ་ཡོད། རྨ་ལྷོ་ཁུལ་དུ་རེབ་གོང་སྒྱུ་རྩལ་དང་། དྲུག་པའི་ཀླུ་རོལ། གཅན་ཚའི་མདའ་རྩེད། སོག་རྫོང་གི་རྟ་རྒྱུག་སོགས་སྔར་ནས་བརྒྱུད་པའི་དམགས་སྲོལ་རིག་གནས་ཀྱི་རྨང་མཐུག་ཅིང་། རོང་བོ་དགོན་པ་དང་། དམེ་ཤུལ་ནགས་ཚལ། ཁམས་ར་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།
མ་འོངས་ཉིན་བཞིའི་རིང་ཚོགས་ཐོག་ནས་ཚགས་པར་དང་དུས་དེབ། བརྙན་འཕྲིན་བཅས་ཀྱི་གསར་འགྱུར་བརྩམས་ཆོས་དང་ལེ་ཚན་ཁག་ལ་དཔྱད་བསྡུར་སྤེལ་རྒྱུ་ཡིན་པ་དང་། རེབ་གོང་གི་དྲུག་པའི་ཀླུ་རོལ་དང་། ཁམས་ར་སྤྱི་གླིང་། རེབ་གོང་ཐང་གའི་རིག་གནས་སྒྱུ་རྩལ་ཁང་སོགས་སུ་སོང་ནས་ཡུལ་དངོས་བཅར་འདྲི་བྱ་རྒྱུ་རེད།
ཚོགས་རའི་ཟུར་ཞིག
ཚོགས་འདུའི་ཐོག་རྨ་ལྷོ་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། རྨ་ལྷོ་ཁུལ་གྱི་དམངས་ཆེན་ཀྲུའུ་རེན་ཀླུ་རྒྱལ་ཚེ་རིང་དང་། རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའམ་ཧྲེ་ཀྲང་ཀུའོ་ཀོང་ཀྲི་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གཉིས་བཅས་ཀྱིས་བོད་ཡིག་སྨྱན་སྦྱོར་ཚོགས་འདུའི་གནས་ཚུལ་སྐོར་ངོ་སྤྲོད་དང་མ་འོངས་པའི་མདུན་ལྗོངས་སྐོར་ལ་ཤིས་ཚིག་ཕུལ། ཚོགས་ཐོག་ཏུ་ལས་བྱེད་མི་སྣས་ཚགས་པར་ཁང་གི་ལས་འཁྱུད་ངལ་གསོ་བྱས་པའི་རྒན་པ་སངས་རྒྱས་དང་རིན་ཆེན་རྡོ་རྗེ་རྣམས་ལ་ལྷག་བསམ་གཙང་མའི་བཀྲ་ཤིས་ཁ་བཏགས་ཕུལ་བ་རེད།
རྨ་ལྷོ་ཚགས་པར་ཁང་གི་ལས་བྱེད་རྒན་པ་རྣམས་ལ་ཁ་བཏགས་འབུལ་བཞིན་པ།
ཐེངས་འདིའི་གྲོས་ཚོགས་ཐོག་ཚགས་པར་དང་རླུང་བརྙན་འཕྲིན། སྨྱན་སྦྱོར་གསར་བ། དུས་དེབ་སོགས་ཀྱི་ཕུལ་བྱུང་བརྩམས་ཆོས290ལྷག་ཙམ་འབྱོར་ཡོད། ཐེངས་རྗེས་མའི་རྒྱལ་ཡོངས་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་མཚོ་སྔོན་མཚོ་ལྷོ་ཚགས་པར་ཁང་དང་ཡོངས་འཛིན་དྲ་བས་བསྒྲུབ་རྒྱུར་ཐག་བཅད་པ་རེད།
རེབ་གོང་རིག་གནས་སྒྱུ་རྩལ་བཤམས་སྟོན་ཁང་ནང་ལྟ་སྐོར་དུ་འགྲོ་བ།