དབྱར་གནང་གི་སྐབས་སུ་རྡོ་མཁར་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ།

རྩོམ་པ་པོ།   བློ་བཟང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       དབྱར་གནང་གི་དུས་ཚོད་ཕྱེད་ཀ་ཕར་འདས་ན་ཡང་།  ལོ་རྒྱུས་རིག་གནས་ཀྱི་གྲོང་མཁར་གྲགས་ཅན་ཟླ་འོད་ཐང་ཆེན་དང་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་དུ་ཡོང་མཁན་རྒྱུན་མ་ཆད་པར་བྱུང་ཡོད་ཅིང་། གང་སར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་མཉམ་པར་ལེན་པ་དང་། ལྟད་མོར་གཡེང་བ། འཆམ་འཆམ་གཏོང་བ་སོགས་བག་ཕེབས་ལྷོང་གཡེང་བྱེད་པའི་རྣམ་པ་ཞིག་གིས་ཡོངས་སུ་བཀང་འདུག ལྷག་པར་དབྱར་གྱི་དུས་ལ་ས་ཆ་གཞན་དུ་དབྱར་གྱི་ཚ་གདུག་ཆེ་བས་དྲོད་གྲང་སྙོམས་པའི་ཡུལ་འདི་ནི་ལྗོངས་རྒྱུ་བྱེད་སའི་གདམ་གསེས་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད། 

       ཤེས་རྟོགས་བྱུང་བར་གཞིགས་ན།   མིག་སྔར་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ལ་ཡོང་མཁན་ཉིན་རེར་མི་ཐེངས2000ཉེ་བ་ཡོད་པ་དང་།  བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་དུ་ཡོང་མཁན་ཉིན་རེར་མི་ཐེངས5000ཉེ་བ་བྱུང་ཡོད། ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག་བདེ་ཆེན་གྱི་ལོ་རྒྱུས་འཕེལ་རྒྱས་དང་།ཡུལ་སྲོལ་གོམས་གཤིས།   དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས།དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་བ་བཅས་ལ་རྒྱུས་ལོན་བྱས་ནས་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་བཏང་ཡོད། 



        རྡོ་མཁར་རྫོང་དུ་ཆར་བ་ཟིམ་ཟིམ་དུ་བབས་ན་ཡང་སྲང་ལམ་རེ་རེ་ན་མི་ཚོགས་ཀྱིས་བཀང་ཞིང་།  ཡུལ་སྐོར་བ་ཚོས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་ཉོ་བའི་ཞོར་དུ་ཡུལ་འདིའི་ལོ་རྒྱུས་དང་རིག་གནས་ཀྱི་ཉིང་བཅུད་ལ་རོལ་མྱོང་བྱེད་པར་བྲེལ། ལྷག་པར་ས་སྲོད་ཀྱི་དུས་ལ་ཕྱོགས་བཞིའི་སྲང་ལམ་དུ་སྙན་འཇེབས་ལྡན་པའི་གནའ་བོའི་སྐོར་བྲོའི་སྒྲ་དབྱངས་གྲགས་པ་ན་མི་ཚོགས་རྣམས་གཞི་གཅིག་ཏུ་འཛོམས་ནས་དགའ་བའི་གར་ལ་རོལ་ཞིང་།  མི་རྣམས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་རྒྱས་ནས་རྩེད་འཇོའི་ཀློང་ན་ཡིད་དུ་འོང་བའི་སྣང་བརྙན་དང་གསོན་ཤུགས་རེ་རེ་མངོན་བཞིན་འདུག   

       སྒྱུར་བཅོས་སྒོ་དབྱེ་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་ནི་རང་ཁུལ་གྱི་རྐང་འཛིན་ཐོན་ལས་སུ་གྱུར་ཡོད་པ་དང་།མིག་སྔར་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་སྤྱིའི་ཆ་ནས་ཁྱོན་ཡོངས་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། 2019ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་995.101སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་113.28ཟིན་ཡོད།