རྩོམ་པ་པོ།   ལོ་བ་རྟ་མགྲིན་རྒྱལ།   ཡིག་བསྒྱུར།       དུས་ཚོད།   2019-08-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བ་བོད་ཡིག་དྲྭ་བ།
ང་རང་གནས་འདིར་སླེབས་ནས་ཟླ་འགའ་ཤས་ཕྱིན་ཚར། ཟླ་འདི་དག་གི་རིང་ལ་ཆུ་བོ་ཐམས་ཅད་ཀྱི་མགོ་ཁུངས། རྩི་ཤིང་སྣ་ཚོགས་ཀྱི་སྐྱེ་གནས།མི་རིགས་སྣ་འཛོམས་ཀྱི་འདུ་གནས།གོམས་སྲོལ་སྣ་ཚོགས་ཀྱི་འདུ་ར། གཅིག་འདྲེས་རིག་གནས་ཀྱི་ཁྱིམ་ཆེན། ནམ་མཁའི་དྭངས་གསལ་ལས་ཉི་ཟླ་རེས་སུ་གསལ་བ།ས་གཞིའི་དག་གཙང་དུ་རྩི་ཤིང་ལེགས་པར་སྨིན་པ། ཕྱི་ནང་གཉིས་འཛོམས་ཀྱི་རྒྱལ་ཐང་གིས་བདག་གི་ཡིད་དབང་ཅིག་ཅར་དུ་འཕྲོགས།
རྒྱལ་ཐང་ནི་བོད་ཀྱི་ལོ་རྒྱུས་གླེགས་བམ་ཁྲོད་དུའང་ཧ་ཅང་མཛེས་པའི་མེ་ཏོག་རྐང་གཅིག་དང་འདྲ་བར་ཤིན་ཏུ་སྙིང་དུ་སྡུག རྒྱལ་ཐང་ཞེས་པའི་དོན་ཡང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐང་ལ་དམག་དྲངས་ནས་རྒྱལ་བར་བྱས་པའི་ཐང་ཡིན་པས་ན་རྒྱལ་ཐང་ཞེས་འབོད། ས་ཁུལ་འདི་ནི་སྤུ་རྒྱལ་བཙན་པོའི་སྐབས་དང་།གླིང་རྗེ་གེ་སར་རྒྱལ་པོའི་དུས། ད་དུང་ཀརྨ་སྐུ་ཕྲེང་མང་པོ་སོགས་དང་འབྲེལ་བ་ཆེ་བའི་ཡུལ་ལུང་གྲགས་ཆེ་བ་ཞིག་ཡིན་པར་མ་ཟད། རྒྱལ་ཐང་སྐོར་བྲོ་དང་རྒྱལ་ཐང་གླུ་གཞས་ནི་ང་ཚོའི་ཕ་ཡུལ་དུའང་དགའ་མཁན་མང་པོ་འདུགདེ་བས་རྒྱལ་ཐང་ཞེས་པ་ནི་དུས་ནམ་ཞིག་ལ་བདག་གི་དྲན་འཛིན་གྱི་སྒོ་མོར་སླེབས་པ་མི་གསལ་མོད། རྒྱལ་ཐང་ཞེས་པའི་མིང་འདི་ཐོས་མ་ཐག་ཡིད་ཀྱི་སང་རས་ངོས་སུ་སྣུམ་ཚོན་གྱི་རི་མོ་བྲིས་པ་དང་འདྲ་བར་ཇི་འདྲའི་གསལ་ལྷང་ངེར་གནས་པ་ཞིག་རེད་ཨང་།
རྒྱལ་ཐང་ནི་སྐབས་གསུམ་མི་ཡུལ་དུ་འཕོས་པ་དང་འདྲ་ལ། དབྱར་དུས་སུ་སྡོང་བོའི་ལོ་མ་འགུལ་སྟངས་དང་ཞོགས་པའི་ཉི་འོད་རྩྭ་ལྗང་སྟེང་དུ་འཕྲོ་སྟངས།སྤྲིན་པའི་གསེང་ནས་དགོང་ཁའི་ཉི་འོད་ཆུ་ངོས་སུ་གསེག་སྟེ་འཕྲོ་ཚུལ། གྲ་མ་ཡལ་ཞིང་གྲུ་མ་ཆག་པའི་གྲོང་གསེབ་ཀྱི་ཁང་རྙིང་དང་དར་ལྕོགས་ཀྱི་གྲིབ་གཟུགས། ད་དུང་ལུས་ན་ཉམས་དང་ཐོད་དུ་ཇ་ལ་དམར་པོའི་ཐོར་ཅོག་འཆིང་བའི་ཁམས་པའི་ཕོ་རྒོད་དག་མཐོང་ཚེ་ཡབ་མེས་གོང་མ་དག་ཀྱང་ཡིད་ལ་རང་འཇགས་སུ་ཤར་ཡོང་། རྒྱལ་ཐང་ནི་ཡུལ་ཀུན་ལས་སའི་དགེ་མཚན་འཛིན་པ། ཕྱི་ནང་སྣོད་བཅུད་དོ་མཉམ་པ།རང་དགར་གནས་པའི་སྲོགས་ཆགས་དག་ལ་གང་འདོད་འཚེ་བ་མེད་པ། ནེའུ་གསེང་དང་ན་སྤང་། རི་དང་དེའུ་འབུར། སྤང་ཐང་སོགས་མངོན་པར་མཛེས་པ་མ་ཟད། ཡུལ་སྐོར་བ་མང་པོའི་མིག་དབང་ཡང་རབ་ཏུ་བཀུགས་ཏེ་ཡང་བསྐོར་དང་བསྐྱར་བསྐོར་བྱས་ནས་ཡུལ་བསྐོར་ལ་སླེབས་བཞིན་ཡོད།
དབྱར་དུས་སུ་རི་བོའི་མགུལ་དུ་སྨུག་སྤྲིན་ལྷོད་ཀྱིས་རྒྱུ་ཞིང་། ནོར་ལུག་གི་རྨིག་པས་རྩྭ་ལྡུམ་བཅད་དེ་དྲི་ཞིམ་སྣ་ཚོགས་རྩྭ་ཐང་སྟེང་དུ་ལྷོད་ཀྱིས་ཆགས། མེ་ཏོག་སེར་པོ་དང་དམར་པོ། གློ་ཁ། ལྗང་སྨུག་སོགས་པུར་ཐོགས་པའི་སའི་ཕྲ་རྒྱན་དུ་བྲིས་པ་ལྟ་བུའི་མེ་ཏོག་དག་གིས་རྒྱལ་ཐང་གྱི་མཛེས་པ་ལ་སྔར་ལས་གཟི་འོད་སྤྲས་འདུག བདག་གི་མིག་ལམ་དུ་རྒྱལ་ཐང་གི་མཛེས་སྡུག་ཤར་ཐེངས་རེ་རེར་ངག་ལས་རང་དབང་མེད་པར་རྒྱལ་ཐང་ལགས། ང་ནི་ཁྱེད་ཀྱི་རུམ་ཁར་ལོག་པའི་བུ་ཆུང་ཡིན།བདག་གིས་དུས་གསུམ་དུ་ཁྱེད་ཀྱི་བྱམས་བརྩེའི་འོད་སྣང་ཁྲོད།ཁྱེད་ལ་དད་འདུན་གྱི་ཞབས་ཏོག་བསྒྲུབ་འདོད། ཁྱེད་ཀྱི་ཆེད་དུ་ནུས་ཤུགས་ཡོད་ཚད་འབུལ་རྒྱུ་ཡིན་ཞེས་ཁེར་ལབ་ཅིག་ཀྱང་རང་དབང་མེད་པར་ཤོར།