སེམས་ཀྱི་ཉི་ཟླར་ལྷག་བསམ་འོ་མའི་མཆོད་པ་འབུལ།

རྩོམ་པ་པོ།   གླིང་བུ་ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཆུང་དུས་སུ་བུ་ལ་ཁ་བརྡ་བྱེད་པའི་བར་གསེང་ནས་ཨ་མས་མི་རེ་རེའི་ལས་དབང་དེ་གང་ན་ཡོད་མིན་མི་ཤེས་ཟེར།   དེ་ཡང་བདེན་པར་སྣང་སྟེ།   ང་ནི་རེབ་གོང་གསེར་མོ་ལྗོངས་ནས་ནར་སོན་ཞིང་རིག་པའི་འདབ་ལག་རྒྱས་པ་ཞིག་ཡིན་རུང་།   ཕྱིས་སུ་ལས་ཀའི་བཀོད་སྒྲིག་གི་དབང་གིས་ཁམས་རྒྱལ་ཐང་དུ་གཞི་སྡོད་བྱས་ཏེ་ད་ནི་ཡུལ་འདི་དང་འབྲལ་མི་ཕོད་པའི་བརྩེ་སེམས་ཟབ་མོ་ཞིག་ཀྱང་ཆགས་ལརང་གི་ལས་དབང་ཞེས་པ་དེ་ཡང་ཡུལ་འདི་ན་ཡོད་པར་བསམ་ཡོད།   བྲེལ་འཚུལ་ཀྱི་ལས་ཀའི་ཀློང་ནས་མི་ལོ་བཅུ་ནི་དྲག་ཏུ་ཕར་འདས་པར་ལན་རེར་རང་ཉིད་ཀྱང་ཡིད་མི་ཆེས་པའི་ཚོད་དུ་ལྷུང་རེས་ཡོད། 

        ཡུལ་འདིར་བོད་ཡིག་གསར་འགོད་པ་བསྡུ་བའི་གནས་ཚུལ་ཤེས་འཕྲད།  ངས་ལག་ཐོག་གི་ལས་ཀ་རྣམས་སྐྱུར་བ་དང་།  གློ་བུར་དུ་སེམས་ཐག་བཅད་ནས་འགྲུལ་བཞུད་ཀྱི་གྲ་སྒྲིག་བྱས་པ་ཡིན།  ཉིན་གཉིས་རིང་གི་དུས་ཚོད་བརྒྱུད་པ་ན་སྟོན་མཇུག་གི་ཕྱི་དྲོ་ཞིག་ལ་ང་རང་སེམས་ཀྱི་ཉི་ཟླར་ཐོན།   རྡོ་མཁར་རྫོང་དུ་ཐོན་པ་ན་ཡུལ་སྐོར་བ་རྣམས་འཚང་ཁ་རྒྱག་བཞིན་ཕར་འགྲོ་ཚུར་འོང་བྱེད་ཅིང་།  མི་བུ་ལྷག་བསམ་ཅན་ཨ་ཁུ་བརྩོན་འགྲུས་ཀྱི་ནུ་བོ་ཀུན་བཟང་ལགས་ཀྱིས་མི་ཚོགས་ཀྱི་ཁྲོད་ནས་གདོང་སྨུག་པོ་ཅན་གྱི་སྤུན་ཆུང་ང་བལྟ་ཐེངས་གཅིག་གིས་ངོ་ཟིན་པ་དང་།    ང་རང་ཁྲིད་ནས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་བོད་ཟས་ཁང་དུ་ཐོན།  

        ཅང་མ་འགོར་བར་ང་ཡང་དངོས་སུ་ལས་ཀར་ཞུགས་པའི་གོ་སྐབས་བྱུང་བ་དང་།   ཡུལ་འདིར་ཕ་ཡུལ་ཕྱོགས་ནས་ཕེབས་པའི་ལས་བྱེད་པ་དང་ཚོང་བ།   ལྷ་བཟོ་སྐོར་ཞིག་འདུས་ཡོད་པས་ཕ་ཡུལ་དྲན་པའི་གདུང་བ་ཆེར་མ་སྐྱེས།   གཟའ་མཇུག་གི་ཁོམ་ལོང་བེད་སྤྱད་ནས་ཡུལ་འདིའི་ཕྱོགས་སོ་སོར་བསྐྱོད་པའི་གོ་སྐབས་བྱུང་བས་ཡུལ་འདིའི་རིག་གནས་དང་ཁོར་ཡུག་སོགས་ལ་ཡང་དེ་བསྟུན་གྱི་རྒྱུས་ལོན་རེ་གཉིས་བྱུང་མགོ་བརྩམས་ཡོད། 

བདེ་ཆེན་ནི་གཙོ་བོ་སེམས་ཀྱི་ཉི་ཟླ་ཞེས་པ་ལས་འཛམ་གླིང་ཀུན་ལ་སྙན་གྲགས་རྒྱས་ཤིང་། ཡུལ་མི་རྣམས་ཀྱིས་རྒྱལ་ཐང་ནོར་བུའི་ས་ཆ་ཞེས་སུ་བསྔགས། འདིའི་སྣོད་བཅུད་ཀྱི་ཕང་བ་ན་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་སྤང་ཐང་།   མཚོ་དང་མཚེའུ།    ཁ་བ་དཀར་པོ་དང་།  ཤྭ་ཁ་གངས་རི།   པད་མ་གངས་རི་ལ་སོགས་པའི་གངས་ཀྱི་རི་བོ་དུ་མ་དང་།  མུ་འབྲེལ་བའི་རང་བྱུང་ནགས་ཚལ་དང་།    དེ་དག་གི་ནང་དུ་དོམ་དང་སྤྲེའུ།   དགོ་བ་ལ་སོགས་པའི་རི་དྭགས་སྣ་ཚོགས་ཡོད་ཅིང་།  རང་བྱུང་ཁམས་ཀྱི་མཛེས་པ་མང་བོ་གཞི་གཅིག་ཏུ་བསྡུས་པ་ལྟ་བུར་སྣང་ལ།   གཞན་ཡང་སུམ་རྩེན་གླིང་དང་རྒྱལ་བ་རིགས་ལྔ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་དང་།  རྡོ་མཁར་རྫོང་དང་།  རྡོ་ཟམ་ཚྭ་ཁ།  ཆུ་དཀར་ཆུ་ནག པོ་ཏ་མཚོ།  འབའ་ལྷག་དཀར་རྫོང་། གཙང་གསུམ་མཉམ་བཞུར། སྟག་མཆོང་གྲོག་རོང་ལ་སོགས་པའི་ཡུལ་སྐོར་གནས་མཆོག་ཀྱང་མང་བོ་ཡོད།    ཟས་རིགས་ཀྱི་སྐོར་ནས་ཀྱང་ཡུལ་གཞན་དང་འདྲ་བར་མར་རྩམ་དང་འོ་ཇ།  སྐམ་ཤ ནས་ཆང་།   བེ་ཤ་ལ་སོགས་པའི་བཅུད་ལ་རོལ། 

        སྐྱེ་ཁམས་རིག་གནས་ཀྱི་ཆ་ནས་བཤད་ན།   ས་འདིའི་ག་ས་གང་དུ་སྔོ་ལྗང་ལྗང་གི་ནགས་རིས་བརྒྱན་པ་དང་།   རྩྭ་དང་རྩི་ཤིང་ལ་སྣ་ཁ་མང་བས།  སྐྱེ་དངོས་སྣ་མང་ཅན་གྱི་ཞིང་ཁམས་ཤིག་ཏུ་ཆགས་ཡོད།   དུས་བཞིའི་ཁྱད་ཆོས་གསལ་ཞིང་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གནས་ཡོད།   གནམ་སྔོ་ཞིང་མཁའ་དབུགས་གཙང་ལ།  ཉི་འོད་དྲོ་ཞིང་འཇམ་པ།    ཆུ་མོ་དྭངས་ཤིང་གཙང་བ་སོགས་ཀྱི་ཁྱད་ཆོས་མངོན་པར་ལྡན་པས།   ལ་ལས་ཡུལ་འདི་ལ་མི་ཡུལ་གྱི་དག་ཞིང་ཞེས་ཀྱང་བསྔགས་བཞིན་པ་ལགས།  

        མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་ཆགས་པའི་ཡུལ་འདིའི་མི་རྣམས་ནི་ལས་ལ་བརྩོན་ཞིང་དགེ་སེམས་ཆེ་བ་དང་།  ལོ་ངོ་སྟོང་ཕྲག་མང་བོའི་རིང་རང་རང་གི་བློ་རིག་གི་རྩལ་ལས་གཞན་ལ་ངོམ་རུང་བའི་ལོ་རྒྱུས་གང་མང་མང་ཞིག་བསྐྲུན་ཡོད།   རྒྱལ་ཐང་དང་འཇོལ།  འབའ་ལུང་མཐའ་ཆུ་སོགས་ན་རང་གི་སྲོལ་བཟང་བོ་མ་ཉམས་པར་ད་ལྟའི་བར་དུ་རྒྱུན་བསྲིང་ཡོད།  ཀོང་རྩེད་རའི་ཤིང་ཕུར་དང་ཉི་ཤར་གྱི་རྫ་ནག་ཟེར་ན་བོད་ཡུལ་གཞན་དུའང་སྐད་གྲགས་ཤིན་ཏུ་ཆེ།  སྐད་ཆའི་བརྗོད་ལུགས་ཀྱི་ཆ་ནས་རྒྱལ་ཐང་དང་འཇོལ་ཡུལ་ཅུང་མི་འདྲ་རུང་ཚང་མ་ཁམས་སྐད་ཀྱི་ཁོངས་གཏོགས་ཡིན།   ཡུལ་འདི་ན་དུས་སྟོན་ཡང་གང་མང་མང་ཞིག་ཡོད་ལ།   ལྔ་བའི་རྟ་རྒྱུག་ནི་རྒྱལ་ཐང་ས་ཆའི་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཡིན་པ་མ་ཟད།  ཉིན་དེར་ས་འདི་གའི་མི་རྣམས་ཀྱིས་ལུས་ལ་མཛེས་རྒྱན་སྤྲས་ནས་རྟ་རྒྱུག་ཐང་ཆེན་དུ་འཛོམས་པ་དང་ལྟད་མོ་སྟོང་ཕྲག་མང་བོ་དང་མཉམ་དུ་སྲོལ་རྒྱུན་རྟ་རྒྱུག་གི་རྩེད་མོ་ལ་བལྟ་བ་ཡིན། ཡུལ་འདིའི་བུད་མེད་རྣམས་གཟུགས་བཟང་ཞིང་ཡ་རབས་ཀྱི་ལས་ལ་བརྩོན་པ་ཤ་སྟག་ཡིན་ལ།   སྨན་བཙུན་མོའི་བརྗིད་ཅིང་ལྷོད་ཤ་ཆགས་པའི་རང་བཞིན་གསལ་བར་མཐོང་།  ཕོ་རྒོད་རྣམས་ནི་དཔའ་ཆེ་ཞིང་ཚོང་ལས་ལ་མཁས།    རྒན་བཀུར་གཞོན་གཅེས་ཀྱི་ལས་ལ་འབད།    ཡུལ་འདིའི་གཉེན་སྟོན་ལའང་ཡུལ་ཕྱོགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་།   བག་མ་གཏོང་ལེན་སོགས་ལ་གླུ་ལེན་གར་རྩེད་བྱེད་པ་སོགས་ལོ་རྒྱུས་ཀྱི་རྒྱུན་རིང་བར་གྲགས།  གཞན་ཡང་འབའ་གཞས་དང་། ཉི་ཤར་བྱམས་གླུ། མདའ་རྩེད།   སྒྲུང་བཤད།  མཐའ་ཆུའི་རས་པ་སོགས་ཀྱང་གྲོང་སྡེ་མང་བོར་དར་ནས་རྒྱུན་འཛིན་བྱས་པ་ཤིན་ཏུ་ལེགས། 

        ཡུལ་འདི་ནི་ང་ལ་མཚོན་ན་རང་གི་ཕུགས་འདུན་མངོན་འགྱུར་བྱུང་སའི་ས་ཆ་ཞིག་ཡིན་པས་ནམ་ཞར་ཡུལ་འདི་ལ་རང་གི་ཕ་ཡུལ་དང་འདྲ་བའི་དགའ་ཞེན་བཅངས་བཞིན་ཡོད།  གལ་ཏེ་ཁྱོད་རང་ཡང་ཡུལ་འདིར་ཕེབས་མཁན་ཞིག་ཡིན་ན་སེམས་ཀྱི་ཉི་ཟླས་ཁྱོད་ལ་མཚར་སྣང་ཅི་རིགས་ཤིག་སྦྱིན་ངེས་ཡིན།    རྫོང་པ་ནགས་ལྕོག་རི་བོ་ནས་སྟག་མའི་མེ་ཏོག་གི་བར་གསེང་བརྒྱུད་དེ་ཉི་འོད་ཀྱི་ཐིགས་པ་འགོག་པའི་ནགས་གཞུང་བཅད་དེ་རི་རྩེར་བསྐྱོད་པ་ན།   འཇམ་མཉེན་རླུང་བུའི་སྒྲ་ལ་ཉན་པ་ཡང་བདེ་སྐྱིད་ཅིག་ཏུ་བརྩིས་ཆོག   མགུལ་ན་སྨུག་སྤྲིན་ལང་ལོང་རྒྱུ་བ་དང་།  རྩེ་མོ་ནམ་མཁའི་དབྱིངས་ལ་ཟུག་པ།   སུ་དང་གང་གིས་ཞབས་རྗེས་འཁོད་མ་ནུས་པའི་རོང་བཙན་ཁ་བ་དཀར་པོ་ཉིད་མཐོང་བ་ན་དེའི་རྔམ་བརྗིད་ལྡན་པའི་སྣང་བརྙན་གྱིས་ཡིད་ཀྱི་དང་བ་འདྲེན་པར་བྱེད་ལ།   ནང་སྐོར་དུ་འགྲོ་བའི་ཚེ་ན་ཡང་ལམ་བར་གྱི་གནའ་སྡོང་དང་སྒྲུབ་ཕུག    རྦབ་ཆུ་སོགས་མཐོང་བ་ན་ལྷ་ཡུལ་ཁམས་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙན་པའི་ཚོར་སྣང་ཅིག་ཅར་དུ་སྟེར་ངེས་ཡིན། རོང་བཙན་ཁ་བ་དཀར་པོ་འདི་ཉིད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན།   བསམ་དོན་འགྲུབ་པ་དང་དངོས་གྲུབ་ཐོབ་པར་ཐེ་ཚོམ་སྐྱེས་མི་དགོས་པའི་གཏམ་ཡང་གྲོང་མིའི་ངག་ན་མཆིས།    ནགས་ཕག་མཚོ་ལ་བསྐོར་དུས་དོ་མཉམ་པའི་རྣང་ཞིང་གྲུ་བཞི་དང་།  སྔོ་ལྗང་གི་གྲོ་ནས་སྲན་གསུམ། སྤང་ཐང་གི་རྟ་ནོར་ལུག་གསུམ།  ད་དུང་གནའ་བོའི་བཟོ་རྩལ་མ་ཉམས་པའི་བོད་ཁང་རེ་རེ་མཐོང་དུས་ཡིད་འདིའི་མི་རྣམས་ནི་ཅི་འདྲའི་སྐྱིད་པ་ལ་ཨང་སྙམ་པའི་སེམས་འདུན་ཞིག་འགོག་མེད་དུ་སྐྱེས་ཡོང་ལ།  གལ་ཏེ་སྟབས་ལེགས་ན་རྒྱལ་ཐང་གི་བུ་མོའི་སྙན་ལྷང་ལྷང་གི་མཛའ་གཞས་ཐེངས་ཤིག་ལེན་པ་དེས་ཁྱེད་ཀྱི་སེམས་ལ་བརྗེད་དཀའ་བའི་བག་ཆགས་འཇོག་ཀྱང་སྲིད།  ཁྱེད་ནི་ལམ་བར་གྱི་མཛེས་སྡུག་འཚོལ་འདོད་མཁན་ཞིག་ཡིན་ན་རྒྱལ་ཐང་ནས་ཆས་ཏེ་རྒྱལ་བ་རིགས་ལྔ་དགོན་བར་དུ་རྐང་འགྲུལ་བྱས་ཀྱང་ཆོག་སྟེ།  དེ་ན་ཤིང་སྣ་མི་གཅིག་བརྒྱ་དང་བརྒྱད་ཡོད་པར་བཤད་ལ། དེ་དང་ཐག་མི་རིང་བའི་ས་ནས་རང་བྱུང་ཆུ་ཚན་ཡང་ཡོད།    ཉི་ཤར་ཡུལ་དུ་ཐེངས་གཅིག་བསྐྱོད་པ་ཡང་གདམ་གསེས་དགའ་ཞིག་ཡིན་ལ།  ནམ་ཟླ་དྲོད་དུ་ཕྱིན་དུས་ལམ་ཁའི་མཚར་སྡུག་ལྡན་པའི་མེ་ཏོག་གིས་ཕྱོགས་བཞིའི་མགྲོན་པོ་ཡུལ་འདིར་དྲངས་པ་མ་ཟད།  ལྷག་པར་ཉི་ཤར་བོད་མིའི་ལྷག་བསམ་ཟབ་མོའི་འཛུམ་མདངས་ཀྱིས་ཁྱེད་ཀྱི་སེམས་ཁ་དྲོ་བར་བྱེད། སེམས་ལ་དྲན་པ་མང་དུས་ང་ནི་རྫོང་རྒྱབ་རི་སྟེང་དུ་ཕྱིན་ནས་མ་ཎི་སྟོང་འཁོར་གྱི་ཉེ་སར་བཅར་ལ།  ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྡོ་མཁར་རྫོང་གི་སྤྱིའི་བཀོད་པ་ལ་གཟིགས་དུས།   མེས་པོ་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་དྲན་ཞིང་ལྷིང་འཇགས་ཀྱི་འཚོ་བ་ཞིག་ལ་སྨོན་པ་འཆོར་བའི་མོད་ལ།   རྟ་ཕོ་ཡི་རྨིག་སྒྲ་ཀྱང་གསལ་ལ་མི་གསལ་བའི་སྒོ་ནས་གོ་ཡོང་བའི་ཚོར་བ་རེ་སྐྱེས་ཡོང་གི་འདུག     ཞོགས་པའི་ཉི་གཞོན་གདོང་གིས་བསུ་བཞིན་ཀླུ་ཆུ་སྤྱི་གླིང་བརྒྱུད་ནས་ལས་ཁུངས་སུ་སོང་ན་ཁམས་དྭངས་ཤིང་རྣམ་རིག་གསལ་བ་མ་ཟད།   ལམ་བར་ནས་འཕྲད་པའི་ཡིད་འོང་མའི་བཞིན་རས་དང་གོམས་འགྲོས་སོགས་ཀྱང་ཡུན་ཐུང་གི་སྤྲོ་སྣང་ཞིག་ཏུ་རྩིས་ཆོག་ཆོག་རེད། 

        འདི་ནི་དགེ་བཅུ་ཚང་བའི་ཡུལ་ཞིག་ཡིན། འདི་ནི་ཕུགས་འདུན་འགྲུབ་སའི་ཡུལ་ཞིག་ཡིན།  ལོ་ངོ་བཅུའི་རིང་ལ་ཁོར་ཡུག་དང་འགྲིམ་འགྲུལ།  རིག་གནས་དང་སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་ཀུན་གྱིས་ཁས་ལེན་བཞིན་པ་ལྟར་ལགས་ལ།   ང་རང་ཉིད་ལ་མཚོན་ན་ཡུལ་འདི་ལས་དྲིན་ཆེ་བ་མེད་པས་ཕ་ཡུལ་ན་བྱམས་ལྡན་གྱི་ཨ་མས་ཀྱང་ཡུལ་ཕྱོགས་འདི་ལ་རྒྱུན་པར་དཀར་པོ་འོ་མའི་མཆོད་པ་འཕེན་བཞིན་ཡོད།