རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཟླ8པའི་ཚེས31ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་ལྷ་མོའི་གར་སྟེགས་ཟློས་གར《གཟུགས་ཀྱི་ཉི་མ》ཞོ་སྟོན་དུས་ཆེན་གྱི་ཆེད་སྒྲིག་འཁྲབ་སྟོན་དུ་སྤེལ་ཞིང་། འདི་ནི《གཟུགས་ཀྱི་ཉི་མ》གར་སྟེགས་ཅན་དང་གྲངས་ཀ་ཅན་དུ་བཏང་རྗེས་སུ་ཐོག་མར་ལྟད་མོ་བ་དང་ཞལ་མཇལ་བ་ཡིན།
《གཟུགས་ཀྱི་ཉི་མ》ནི་དམངས་ཁྲོད་གཏམ་རྒྱུད་གཞིར་བཟུང་ནས་བཅོས་སྒྲིག་བྱས་པའི་ཞལ་འབག་སྔོན་པོའི་ལྷ་མོའི་ཟློས་གར་གྱི་གཏམ་རྒྱུད་དེབ་ཅིག་ཡིན། ངག་རྒྱུན་དུ་ཡུ་མོ་ཞིག་གིས་ཐེངས་ཤིག་ལ་སྒོམ་ཆེན་གྱི་གཟན་གོས་བཀྲུ་བའི་ཆུ་འཐུང་པ་ལས་བུ་མོ་གཟུགས་ཀྱི་ཉི་མ་བཙས་ཤིང་། ལོ་བཅུ་ལྷག་གི་རྗེས་སུ་གཟུགས་ཀྱི་ཉི་མ་མཚར་སྡུག་འགྲན་ཟླ་བྲལ་བའི་བུ་མོ་མཛེས་མ་ཞིག་ཏུ་ནར་སོན། དེ་རྒྱལ་པོས་ཐོས་རྗེས་བཙན་གྱིས་ཕོ་བྲང་དུ་བཙུན་མོར་ཁྲིད་ཅིང་། རྒྱལ་པོའི་བརྩེ་བ་རབ་ཏུ་འཐོབ་པས་རིགས་ངན་གྱི་བུ་མོས་ཕྲག་དོག་བྱས། རྗེས་སུ་གཟུགས་ཀྱི་ཉི་མ་རྣལ་འབྱོར་མ་བྱས་ཏེ་རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་ཞིང་། མི་རྣམས་ལ་རྣམ་དཀར་དགེ་བ་སྒྲུབ་པ་དང་ནག་པོའི་བྱེད་ལས་སྤོང་བའི་སློབ་སྟོན་གནང་། མཐའ་མར་རིགས་ངན་གྱི་བུ་མོ་སོགས་ལ་ལས་ཀྱི་རྣམ་སྨིན་འཁོར་བ་དང་། གཟུགས་ཀྱི་ཉི་མ་ཕོ་བྲང་དུ་ལོག་ཕེབས་གནང་བ་རེད།
དགོང་མོའི་ཆུ་ཚོད་7དང་ཕྱེད་ཀའི་སྟེང་། རྔ་སྒྲ་གྲགས་པ་དང་བསྟུན་ནས་འཁྲབ་སྟོན་དངོས་སུ་འགོ་བརྩམས། དེ་ནི་སྔོན་གྱི་ལྷ་མོའི་ཟློས་གར་དང་མི་མཐུན་པར《གཟུགས་ཀྱི་ཉི་མ》ཡི་ཟློས་གར་ནང་དུ་གླུ་གར་ཟུང་སྦྲགས་མང་པོ་ཡོད་ཅིང་། འཁྲབ་སྟོན་པའི་གཟབ་སྤྲས་མཆོར་ལ་བཀྲག་མདངས་ཆེ། གར་སྟེགས་རྒྱབ་ལྗོངས་གསོན་ཉམས་དོད་པའི་སྟེང་། ཁ་མཚར་དང་བསྟན་བཤིག་ཚ་པོའི་བྱ་བྱེད་དང་འཁྲབ་ཚིག་ཀྱང་བསྣན་པས། ཡུལ་དངོས་ཀྱི་ལྟད་མོ་བར་དགོད་སྒྲ་དང་ཐལ་མོ་རྡེབ་སྒྲ་ཡང་ཡང་བསླངས། ཆེ་ས་ནས་རྒན་རྒོན་ལོ་ལོན་དང་ཆུང་ས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བཅས། ཆུ་ཚོད་གཉིས་ལ་ཉེ་བའི་འཁྲབ་སྟོན་གྱི་བར་ནས་ཕྱིར་འགྲོ་མཁན་གཅིག་ཀྱང་བྱུང་མེད་པ་རེད།
ལོ་ན་27ཡིན་པའི་སྐལ་བཟང་རྡོ་རྗེས་ཞོ་སྟོན་དུས་ཆེན་གྱི་གུང་གསེང་ལ་ཕ་མ་དང་འགྲོགས་ཏེ་ལྷ་མོའི་ཟློས་གར་མཇལ་དུ་ཕྱིན། སྐལ་བཟང་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། ཁོ་རང་གིས་ཆུང་དུས་ནས་གཟུགས་ཀྱི་ཉི་མའི་གཏམ་རྒྱུད་གསན་མྱོང་མོད། འོན་ཀྱང་ལྷ་མོའི་ཟློས་གར《གཟུགས་ཀྱི་ཉི་མ》ལ་མཇལ་མྱོང་མེད། “ཐེངས་འདིར་ཟློས་གར་ལ་མཇལ་རྗེས་བརྗིད་ཆགས་ལྟ་བས་མི་ངོམས་པར་སེམས་ལ། གར་སྟེགས་ཀྱི་མངོན་ཚུལ་བློ་ཡུལ་ལས་འདས་པས། ང་ལ་མི་རིགས་རིག་གནས་ཀྱི་ཟབ་རྒྱས་ལ་ངོས་ཟིན་གཏིང་ཟབ་མོ་བྱུང་དུ་བཅུག”ཅེས་ཟེར།
ལྟད་མོ་བས་བསྟན་པའི་ཟློས་གར་ནང་གི“འབར་སྣེ”ལ་ཁ་གཏད་དེ། སྲོལ་རྒྱུན་ལྷ་མོའི་ཟློས་གར《གཟུགས་ཀྱི་ཉི་མ》ཡི་འཁྲབ་ཁྲིད་པ་གཡུ་སྒྲོན་གྱིས་གསར་འགོད་པར་བཤད་རྒྱུར། བདེན་དགེ་མཛེས་གསུམ་མངོན་པར་སྒྲོག་པ་ནི་ལྷ་མོའི་ཟློས་གར《གཟུགས་ཀྱི་ཉི་མ》ཡི་སྐུད་སྣེ་གཙོ་བོ་ཡིན། ལྷ་མོའི་ཟློས་གར《གཟུགས་ཀྱི་ཉི་མ》ཡི་བཅོས་སྒྲིག་ལ་འཁྲབ་སྟོན་གྱི་དུས་ཡུན་ཇེ་ཐུང་དུ་ཆེར་བཏང་ནའང་། གཏམ་རྒྱུད་ཀྱི་སྒྲིག་གཞི་དང་མི་སྣའི་བཀོད་སྒྲིག་ལ་འགྱུར་བ་ཅི་ཡང་མེད། ད་དུང་གསར་གཏོད་ཀྱིས་འཕྲོ་བརྙན་དང་དེང་རབས་གར་སྟེགས་མཛེས་བཟོ་སོགས་བཀོལ་སྤྱོད་བྱས་པས། རྒྱབ་ལྗོངས་སྔར་བས་མཚར་བ་དང་གར་སྟེགས་ཀྱི་མངོན་སྟངས་དེ་བས་ཀྱང་ཕུན་སུམ་ཚོགས་པར་བཏང་ལ། ལྟད་མོ་བས་ཀྱང་དེ་ལས་ལྷག་པར་དགའ་མོས་བྱེད་བཞིན་ཡོད། “ཇི་ལྟར་ལྷ་མོའི་ཟློས་གར་དེ་གཞོན་ནུ་རྣམས་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་བསྟུན་པར་བྱ་རྒྱུ་ནི་བོད་ཀྱི་ཟློས་གར་ཚོགས་པས་བསམ་གཞིག་བྱ་དགོས་པའི་དོན་དག་ཅིག་ཡིན་ཏེ། གླུ་གར་ཟུང་སྦྲགས་སམ་3Dའཕྲོ་བརྙན། གློག་འོད་བཀོད་སྒྲིག གར་སྟེགས་བསྟུན་ཚད་བཅས་གང་ཞིག་ཡིན་ཡང་། ང་ཚོས་འཁྲབ་སྟོན་པ་ན་གཞོན་ཅན་དུ་བཏང་བའི་ཁྱད་ཆོས་ལ་གཞིགས་ཏེ་གཙིགས་ཆེའི་སྒྲིག་བཟོ་བྱས་པ་ཡིན།”ཞེས་ཟེར།
རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་ངོ་སྤྲོད་བྱས་པར། 《གཟུགས་ཀྱི་ཉི་མ》ནི་སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་སྔ་དུས་ཀྱི་སྐྱིད་སྡུག་གྲོ་མོ་ལུང་པ་བྱང་ཆ་ཤིན་ཏུ་ཆེ་བའི་འཁྲབ་སྟོན་གྱི་རྣམ་གྲངས་ཤིག་ཡིན། “གཟུགས་ཀྱི་ཉི་མའི་གཏམ་རྒྱུད་ལྷ་ས་དང་ལྷོ་ཁ་རུ་ཤིན་ཏུ་རྒྱ་ཆེར་ཁྱབ་ཡོད། 《གཟུགས་ཀྱི་ཉི་མ》ནི་མི་སྣའི་གཤིས་ཀ་དང་གཏམ་རྒྱུད་ཀྱི་བྱུང་རིམ། གཞས་གདངས་འཁྲབ་སྟོན་སོགས་གང་ཐད་ནས་ཀྱང་ལྟད་མོ་བ་དགའ་མོས་ཞེ་དྲག་ཆེ། གཏམ་རྒྱུད་རང་ངོས་ཀྱི་མི་སྣའི་སྣང་བརྙན་གྱི་ཐད་ནས་བལྟས་ན། སྐྱེས་པ་མི་སྣ་གཙོ་བོ་ཟླ་བ་སེང་གེ་ཡང་གཟུགས་བྱད་མཛེས་ལ། སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་ཀྱི་རྒྱལ་པོ་དག་གི་ཁྲོད་ལོ་ན་ཆེས་གཞོན་པ་དེ་ཡིན། ཁོའི་གཞས་གདངས་ཁྱད་པར་བ་ཞིག་ཡིན་ལ། ལྟད་མོ་བའི་དགའ་བསུ་ཞེ་དྲག་འཐོབ་པ་རེད།”ཅེས་ཟེར།
དཔལ་ལྡན་དབང་ཕྱུག་གིས་ངོ་སྤྲོད་བྱས་པར། ཞོ་སྟོན་དུས་ཆེན་ནི་ལྷ་མོའི་ཟློས་གར་གྱི་དགའ་སྟོན་ཆེ་ཤོས་དེ་ཡིན་ལ། སྒོས་སུ་དམངས་ཁྲོད་ལྷ་མོའི་ཟློས་གར་ཚོགས་པར་འཁྲབ་སྟོན་བྱེད་པའི་གར་སྟེགས་ལེགས་པོ་བསྐྲུན་ཡོད། “ཞོ་སྟོན་དུས་ཆེན་དེ་གོ་སྐབས་སུ་བཟུང་ནས། ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་ཁྱབ་རྒྱ་མུ་མཐུད་དུ་བསྐྱེད་པའི་རེ་བ་དང་། ལྗོངས་ཡོངས་ཀྱི་དམངས་ཁྲོད་ལྷ་མོའི་ཟློས་གར་ཚོགས་པ་140ལྷག་ལ་འཁྲབ་སྟོན་གྱི་གོ་སྐབས་ཡོད་དུ་བཅུག་ནས། དེར་བསྟུན་མེ་ཏོག་མཉམ་བཞད་ཀྱི་དམིགས་ཡུལ་མངོན་དུ་བྱ་ཅི་ཐུབ་བྱེད་དགོས།”ཞེས་དཔལ་ལྡན་དབང་ཕྱུག་གིས་གསར་འགོད་པར་བཤད།
སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་གྲངས་ཀ་ཅན་དང་གར་སྟེགས་ཅན་དུ་གཏོང་བའི་རྣམ་གྲངས་ཕྱེད་ལེགས་འགྲུབ་བྱུང་བ།
《ཆོས་རྒྱལ་ནོར་བཟང》དང《སྣང་ས་འོད་འབུམ》 《འགྲོ་བ་བཟང་མོ》 《གཟུགས་ཀྱི་ཉི་མ》 《པདྨ་འོད་འབར》 《དོན་ཡོད་དོན་གྲུབ》 《དྲི་མེད་ཀུན་ལྡན》 《རྒྱ་བཟའ་བལ་བཟའ》བཅས་ནི་ཚང་མས་མཁྱེན་གསལ་གྱི་སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་ཡིན། ལྷ་མོའི་ཟློས་གར་གྱི་གྲུབ་མཐའ་དང་ལྷ་མོའི་ཟློས་གར་རུ་ཁག་གི་ཆ་རྐྱེན་སོགས་ལ་གཞིར་བཟུང་སྟེ། ལྷ་མོའི་ཟློས་གར་རུ་ཁག་སོ་སོར་དེར་བསྟུན་གྱི་འཁྲབ་རྒྱུན་ཡོད།
རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པ་ནི་རང་ལྗོངས་ཀྱི་ཆེད་ལས་ལྷ་མོའི་ཟློས་གར་ཚོགས་པ་གཅིག་པུ་དེ་ཡིན་པའི་ཆ་ནས། སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་རྒྱུན་འཛིན་བྱེད་པ་དང་མཉམ་དུ། ལྷ་མོའི་ཟློས་གར་རུ་ཁག་དང་རོང་འབྲོག་མང་ཚོགས་དེ་ལས་མང་པོས་སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་རྒྱུན་ལོན་བྱ་བའི་ཆེད། སྲོལ་རྒྱུན་རྣམ་ཐར་ཆེན་མོ་བརྒྱད་གྲངས་ཀ་ཅན་དང་གར་སྟེགས་ཅན་གྱི་བརྙན་རིས་རྒྱུ་ཆ་སྒྲིག་བཟོའི་ལས་གཞི་འགོ་ཚུགས་པ་རེད། མིག་སྔའི་བར་དུ། 《པདྨ་འོད་འབར》དང《ཆོས་རྒྱལ་ནོར་བཟང》 《འགྲོ་བ་བཟང་མོ》 《སྣང་ས་འོད་འབུམ》 《གཟུགས་ཀྱི་ཉི་མ》བཅས་ཟློས་གར་ཁག་5གྲངས་ཀ་ཅན་དང་གར་སྟེགས་ཅན་གྱི་བརྙན་རིས་རྒྱུ་ཆ་སྒྲིག་བཟོ་བྱས་ཟིན། གྲངས་ཀ་ཅན་དང་གར་སྟེགས་ཅན་གྱི་སྒྲིག་བཟོ་བྱས་པའི་སྲོལ་རྒྱུན་ལྷ་མོའི་ཟློས་གར་བརྒྱུད་ནས། གཏམ་རྒྱུད་ཀྱི་བྱུང་རིམ་སྔར་བས་སྙིང་བསྡུས་དང་། འཁྲབ་ཚིག་སྔར་བས་རྩོམ་རིག་ཅན། འཁྲབ་སྟོན་སྔར་བས་ཆེད་ལས་ཅན། གློག་འོད་དང་གར་སྟེགས་མཛེས་བཟོ། འཁྲབ་ལྗོངས། འཁྲབ་ཆས་བཅས་ཀྱི་བྱེད་ལས་སྔར་བས་མངོན་སུམ་ཅན་དུ་བཏང་བས། ན་ཚོད་རིམ་པ་སོ་སོའི་ལྟད་མོ་བའི་ཡིད་དབང་མེད་དུ་བཀུག་ཡོད།
དཔལ་ལྡན་དབང་ཕྱུག་གིས་གྲངས་ཀ་ཅན་དང་གར་སྟེགས་ཅན་གྱི་བརྙན་རིས་རྒྱུ་ཆ་སྒྲིག་བཟོའི་ལས་གཞི་ཕྱེད་འགྲུབ་ཟིན་ལ། དེར་མཐུད་ནས་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པས་དྲ་ལམ་དང་འོད་སྡེར་སོགས་ཀྱི་ཐབས་ལམ་བརྒྱུད་ནས། གྲངས་ཀ་ཅན་གྱི་འབྲས་རྟགས་ལྗོངས་ཡོངས་ཀྱི་མང་ཚོགས་རྣམས་ལ་སྤེལ་ངེས་ཡིན་ཞེས་བསྟན། །