རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-06   རྩོམ་ཁུངས།    མི་དམངས་དྲ་བ།
པེ་ཅིན་མི་རིགས་རིག་གནས་ཕོ་བྲང་།
སྤྱི་ཟླ་9པའི་ཚེས་5ཉིན། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད་300ཡི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་འཚོགས།
ཚོགས་འདུ་དེ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཡོངས་གེ་སར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་མཁས་དབང་དང་རིགས་གཅིག་མཁས་པ་རྣམས་ཀྱིས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པར་སྐྲུན་བྱེད་པར་གདེང་འཇོག་གལ་ཆེན་གནང་།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
གླིང་སྒྲུང་ནི་བོད་རིགས་མི་དམངས་ཀྱིས་ཐུན་མོང་གསར་གཏོད་མཛད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་སྟེ། ད་ལྟའི་བར་དུ་རྒྱུན་མ་ཆད་པར་རང་རྒྱལ་གྱི་བོད་རིགས་དང་སོག་རིགས། ཧོར་རིགས་སོགས་འབྲེལ་ཡོད་མི་རིགས་ཁྲོད་དར་ཁྱབ་ཆེ་ཞིང་། དེ་མིན་རང་རྒྱལ་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་གནས་ཁ་ཤས་སུའང་ཁྱབ་གདལ་སོང་སྟེ་འཛམ་གླིང་རང་བཞིན་གྱི་རིག་གནས་ཤིག་ཏུ་གྱུར་ཡོད། 2009ལོར། གླིང་སྒྲུང་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་ཅིང་། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་རིག་གནས་བྱ་གཞག་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་སྟེ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་རྒྱ་ཁྱབ་ཏུ་བཏང་ཞིང་། མངའ་ཁོངས་ནང་ཁུལ་གྱི་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག་ལ་མཛུབ་སྟོན་དང་སྐུལ་འདེད་བྱས། ཐེངས་འདིའི་དཔེ་ཚོགས་ཀྱིས་ཕུན་སུམ་ཚོགས་པའི་གྲུབ་འབྲས་དག་འདུ་ཆེན་པོའི་སྒོ་ནས་མཚོན་ཡོད། མི་ཆོས་རིག་གཞུང་གི་ངོས་ནས་སླར་ཡང་འཛམ་གླིང་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ངོམ་པར་མ་ཟད། རླབས་ཆེན་མེས་རྒྱལ་ལ་མཚན་སྙན་དང་གཟི་བརྗིད་བསྩལ།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
གླིང་སྒྲུང་གི་བམ་ཚད་དང་གཞི་ཁྱོན་གང་ཐད་ནས་《དབྱི་ལེ་ཡཱ་ཐེ》དང《ཨོ་ཏི་སེ།》《རྗེལ་གྷ་མེ་ཤྲའི།》《རཱ་མ་ཡ་ཎ།》《མ་ཧཱ་བྷ་ར་ཏ》ལྔ་ཡི་བསྡོམས་ལས་ཀྱང་བརྒལ་བས་ལོ་རྒྱུས་སྙན་རྩོམ་རིང་མོའི་གཙུག་རྒྱན་ཞེས་བརྗོད་ཆོག་ཆོག་ཡིན། ཐེངས་འདིར་དཔེ་སྐྲུན་བྱས་པའི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ནི་ལོ་རྒྱུས་ཐོག་གླིང་སྒྲུང་འཚོལ་བསྡུ་དང་ལེགས་སྒྲིག རྩོམ་སྒྲིག དཔེ་སྐྲུན་གྱི་ལས་དོན་ཐད་ལེགས་གྲུབ་བྱུང་བའི་ལས་གྲྭ་ཆེས་ཆེ་ཤོས་ཡིན་ལ། ཁྱོན་བསྡོམས་ཡིག་འབྲུ་དུང་ཕྱུར་1.3ཡོད། གླིང་སྒྲུང་འདི་དག་ད་ཆ་པོད་300ཡི་བདག་ཉིད་ཅན་དུ་དཔེ་སྐྲུན་བགྱིས་ཏེ། ད་ལྟའི་བར་ཆེས་ཆ་ཚང་བའི་གླིང་སྒྲུང་གི་བོད་ཡིག་རིག་མཛོད་དུ་ཆགས་ལ། གཞི་རྩའི་ཐོག་ནས་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་གཞི་རྒྱ་དང་ཁྱད་ཆོས་མཚོན་པར་བྱས་ཡོད།
《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》
《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》རུ་ལོ་རྒྱུས་སུ་བྱུང་བའི་གླིང་སྒྲུང་སྐོར་གྱི་ལག་བྲིས་སྣ་རིང་དང་། ཤིང་དཔར་སྣ་རིང་། གནའ་བོའི་ལྕགས་པར་མ། དེ་བཞིན་ཉེ་བའི་དུས་ཀྱི་བབས་སྒྲུང་གི་པར་གཞི་གསར་པ་སོགས་འདུས་ལ། ཕུལ་དུ་བྱུང་བའི་དམངས་ཁྲོད་ཀྱི་སྒྲུང་པའི་སྒྲུང་དཔེ་སྣ་ཚོགས་ཀྱང་བསྡུས་ཡོད་པས། གླིང་སྒྲུང་གི་ཕུན་སུམ་ཚོགས་པའི་རང་བཞིན་མངོན་སུམ་སྒོས་མཚོན་ཐུབ་ཡོད། པོད་300ཡོད་པའི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདིའི་ནང་དོན་ཕུན་སུམ་ཚོགས་པ་མ་ཟད་པར་འདེབས་དེབ་སྦྱོར་བཟོ་སྤུས་ཀྱང་ཤིན་ཏུ་ལེགས། ཇུས་འགོད་དང་འཚོལ་བསྡུ། ལེགས་སྒྲིག དཔེ་སྐྲུན་བཅས་ཀྱི་བརྒྱུད་རིམ་ཁྲོད་རྩོམ་སྒྲིག་ལྷན་ཚོགས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་། གསུང་རབ་བསྟན་བཅོས་ལ་དད་གུས་ཀྱི་བློ་སེམས་བཅངས་ཏེ་ཕུལ་བྱུང་ལས་སྒྲུབ་དཔུང་ཁག་བཙུགས་ནས། དཀའ་བ་བརྒྱ་དང་འབད་པ་སྟོང་བརྒྱུད་ནས། མ་ཡིག་རྩོམ་སྒྲིག་དང་ཞུ་དག་ཐད་ཀྱི་སྤུས་ཀ་ཁག་ཐེག་བྱས་པ་དང་། དཔེ་ཚོགས་སྒྲིག་སྟངས་དང་། ཆེད་ལས་བརྡ་ཆད་སོགས་ཕྱོགས་གང་ཅིའི་ཐད་ནས་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་བྱས་ཏེ། མ་ཡིག་གི་སྤུས་ཀ་དུས་ཚོད་ཀྱིས་ཞིབ་བཤེར་ཐེག་ཐུབ་པར་བྱས་པར་མ་ཟད། ཞུ་དག་གི་གནས་སྐབས་མང་པོར་གེ་སར་ཆེད་མཁས་པ་དང་སྒྲུང་པ་སོགས་མི་བརྒྱ་ལྷག་ཆེད་དུ་ཡུལ་དངོས་སུ་གདན་དྲངས་ནས་ཕན་ཚུན་མཐུན་རྐྱེན་སྦྱར་ཡོད།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།