རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
《བོད་ལྗོངས་ཉིན་རེའི་ཚགས་པར་ཁང》བོད་ཡིག་རྩོམ་སྒྲིག་པུའི་རྒན་བསོད་ནམས་ལགས་ནི་བོད་ཀྱི་དེང་རབས་སྙན་ངག་པའི་གྲས་ཤིག་ཡིན་ཞིང་། ཁོང་གི་སྙན་ངག་བརྩམས་ཆོས་ཡོད་དོ་ཅོག་ལ་དུས་རབས་ཀྱི་ཉམས་འགྱུར་དང་། མི་རིགས་ཀྱི་ཁྱད་ཆོས་ཆེས་ཟབ་མོ་ལྡན་ཡོད་པས་མ་ཚད། ད་དུང་བརྗོད་དོན་འཚོ་བ་དང་ཐག་ཉེ་བ་དང་། བརྗོད་བྱེད་ཚིག་གི་སྦྱོར་བ་ཧ་ཅང་བདེ་བའི་ཁྱད་ཆོས་དམིགས་སུ་ཐོན་པ་ཞིག་ཡོད་པར་བརྟེན་ཇི་སྐད་དུ།“དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར”ཞེས་པ་ལྟར་ཀློག་པ་པོ་མང་པོ་ཞིག་གིས་ཁོང་གི་བརྩམས་ཆོས་ཚགས་པར་དང་དུས་དེབ་ཐོག་འཁོད་ཡོད་པ་ཤེས་འཕྲལ་ཀློག་འདོད་བྱེད་ཀྱི་ཡོད་པས། ཉེ་ཆར་ཀློག་པ་པོའི་དགོངས་འདུན་ལྟར་ཁོང་གི་སྙན་ངག་བརྩམས་ཆོས《ཚངས་སྲས་དགྱེས་པའི་སྙན་དབྱངས》ཞེས་པ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་འགྲེམས་བྱས་ཡོད་པ་རེད།
དེ་ཡང་ལོ་ཤས་གོང་རྒན་བསོད་ནམས་ལགས་ཀྱིས་བརྩམས་པའི་སྙན་རྩོམ་ཕྱོགས་སྒྲིག《བསོད་ནམས་ཞིང་གི་སྙན་དབྱངས》ཞེས་པ་དེ་པར་འགྲེམས་བྱས་རྗེས་ལྗོངས་ཕྱི་ནང་གི་བོད་རིགས་བློ་གསར་བས་ཧ་ཅང་དགའ་པོ་བྱས་ཏེ་མགྱོགས་མྱུར་བྲིན་ཡོད་སྟབས་ད་ཆ་དཔེ་ཚོང་ཁང་ཁག་གི་དཔེ་སྒྲོམ་ཐོག་དེབ་དེ་སྟོང་ཆར་གྱུར་ཡོད་པ་རེད།
རང་ཉིད་ཀྱི་བརྩམས་ཆོས་དེ་ཀློག་པ་པོའི་དགོས་འདུན་དང་འཚམས་པོ་བྱུང་བ་དེ་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚོད་ལྟར། བརྩམས་ཆོས་ལེགས་མིན་དེ་ཀློག་པོས་ཐག་གཅོད་དགོས་ཞེས་པ་ལྟར་བྱུང་བར་བརྟེན་མུ་མཐུད་སྙན་རྩོམ་གསར་རྩོམ་ལའང་སྐུལ་མ་བྱུང་ཡོད་ཅིང་། ལོ་ཤས་ནང་ཁོང་གིས་འགན་བབས་ལས་དོན་གྱི་བར་གསེང་དུས་ཚོད་ལ་གཙིགས་ཆེན་གྱིས་སླར་ཡང་བརྗོད་དོན་སྣ་ཁ་འཛོམས་པའི་སྙན་རྩོམ་ཕྱོགས་སྒྲིག《ཚངས་སྲས་དགྱེས་པའི་སྙན་དབྱངས》ཞེས་བྱ་བ་ཡིག་འབྲུ་ཁྲི་25ལྷག་ཙམ་ཡོད་པ་དེ་བརྩམས་གནང་བ་རེད།
《ཚངས་སྲས་དགྱེས་པའི་སྙན་དབྱངས》ཞེས་པའི་སྙན་རྩོམ་དེབ་འདིའི་ནང་ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བསྟོད་པ། མེས་རྒྱལ་ཁྱིམ་ཚང་ཆེ་མོར་བསྟོད་པ། རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དང་། མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ། ངོམཚར་ཡུལ་ལྗོངས་སོགས་ལ་བསྟོད་ཡོད་ཅིང་། བོད་ལྗོངས་འདི་བཞིན་ལོ་ངོ་བཅུ་ཕྲག་འགའི་རིང་ལོ་ངོ་སྟོང་གི་འཕོ་འགྱུར་བྱུང་བ་ལྟར་དང་། འཇིག་རྟེན་གསར་པར་འགྱུར་བ་ལྟ་བུའི་རྣམ་པ་བཟང་པོ་མངོན་བྱེད་ཀྱི་སྙན་རྩོམ་དང་། འཚོ་བའི་ནང་དངོས་སུ་འཆར་བའི་དོན་དངོས་ལ་རྒྱན་གྱི་མཚན་ཉིད་དང་ལྡན་ལ། རྒྱན་གྱི་མཚན་ཉིད་ལས་གྲོལ་བའི་སྣང་བ་ལྡན་པའི་ཚིག་རྒྱན་ཡང་སྤྲས་ཡོད་སྟབས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་ཐེ་ཚོམ་ཅི་ཡང་བྱེད་མི་དགོས་པར་གྱུར་ཡོད། སྙན་རྩོམ་ཁག་སོ་སོའི་ཚིག་སྦྱོར་བྱེད་ཐབས་དང་དཔེ་དང་གཟུགས་འགོད་ཐབས་ཀྱི་ཐོག་ནས་ཀློག་པ་པོས་བལྟས་པ་ཙམ་གྱིས་ཁོང་ནི་མིང་དོན་མཚུང་པའི་བོད་ཀྱི་སྙན་ངག་པ་ཞིག་དང་། དགའ་སྐྱོ་ཆགས་སྡང་གང་རུང་གི་རྣམ་པ་འཆར་བ་བྱེད་པའི་དཔེ་དོན་སྦྱོར་ཚུལ་བྱ་རྒྱུ་སོགས་ཀྱི་ཐད་འཁོན་ཐོགས་ཅི་ཡང་མེད་པ་ཞིག་ཡིན་པའི་ངང་ཚུལ་རང་དགར་མངོན་བཞིན་ཡོད་པ་རེད།
དེ་སྔོན་ལོ་བཅུ་ཕྲག་གི་གོང་དུ་ཁོང་གི་སྙན་རྩོམ་《བསོད་ནམས་ཞིང་གི་སྙན་དབྱངས》ཞེས་པ་དེ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་རྗེས་དེས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ལྟ་བུའི་བོད་ཀྱི་རྩོམ་རིག་ཞིང་སའི་ཐོག་ཐོན་བཞིན་པའི་བློ་གསར་རྣམས་ལ་བརྗོད་དོན་འཚོལ་ཞིབ་དང་། སྙན་རྩོམ་འབྲི་སྟངས་སོགས་ཀྱི་ཐད་དཔེ་སྟོན་དང་། དཔྱད་གཞིའི་ནུས་པ་གལ་ཆེན་ཐོན་ཡོད་ལ། ད་ཐེངས《ཚངས་སྲས་དགྱེས་པའི་སྙན་དབྱངས》འདིས་ཀྱང་སྙན་རྩོམ་འབྲི་བར་སྤྲོ་བའི་བོད་རིགས་རྩོམ་པ་པོ་ཚོར་སྐུལ་མ་དང་། འགྲན་སློང་། ཁྲིད་སྟོན་བཅས་ཀྱི་ནུས་པ་ཐོན་ངེས་ཡིན་པ་དང་དེ་བཞིན་འདིས་བོད་ཀྱི་རྩོམ་རིག་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཛེག་རྒྱུ་དང་། བོད་ཀྱི་རིག་གནས་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་ནུས་པ་ཆེན་པོ་ཐོན་རྒྱུ་སྨོས་མེད་དུ་གྱུར་ཡོད་པ་དང་དེ་བས་ཀྱང“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”བྱེད་པའི་རྣམ་པ་མངོན་ཐུབ་པ་ཞིག་ཏུའང་གྱུར་ཡོད་པ་རེད།