རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།
མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་ནི་སྤྱི་ལོ་༡༦༩༧ལོར་བྱང་སྟག་ལུང་(ད་ལྟ་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་ཡོད)དུ་འཁྲུངས་ཤིང་། ཆུང་དུས་ནས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་རིག་པའི་གནས་ཀུན་ལ་སྦྱངས་པ་དང་། ལོ་ངོ་སོ་བཞི་ཙམ་གྱི་རིང་བཀའ་བློན་གྱི་འགན་བཞེས། ཁོང་གི་གསུང་རྩོམ་ལ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་། མི་དབང་རྟོགས་བརྗོད། བཀའ་བློན་རྟོགས་བརྗོད། སངས་རྒྱས་ཀྱི་སྐྱེས་རབས་སྐད་གཉིས་ཤན་སྦྱར་སོགས་མང་པོ་ཡོད།
གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ནི་མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་སྤྱི་ལོ་༡༧༡༨ལོར་བརྩམས་ཤིང་། བོད་ཀྱི་སྒྲུང་རིང་ཐོག་མ་དེ་ཡིན། རྩོམ་ཡིག་འདིའི་ནང་ཡུལ་སྲིད་པའི་རྒྱན་ཞེས་པའི་རྒྱལ་ཁབ་ཀྱི་སྲས་གཞོན་ནུ་ཟླ་མེད་འཇིག་རྟེན་མཐུན་འཇུག་གི་དུས་ཕན་པའི་སྐབས། ཡུལ་བཀོད་ལེགས་འོད་སྣང་ཞེས་པའི་རྒྱལ་ཁབ་ཀྱི་རྒྱལ་པོའི་སྲས་མོ་ཡོད་འོང་མའི་སྙན་པ་ཐོས་ཏེ། བློན་པོ་སྲིད་པ་གཞོན་ནུ་གཉེ་བོར་བརྫངས། འོན་ཀྱང་། ཡུལ་བཀོད་ལེགས་འོད་སྣང་གི་རྒྱལ་པོས་སྲས་མོ་ཡུལ་སྣང་བ་འབུམ་ལྡན་གྱི་རྒྱལ་སྲས་ལྷ་ལས་ཕུལ་བྱུང་དང་མཛའ་གྲོགས་བསྒྲིག་རྒྱུའི་དམ་བཅས་ཡོད་པས། སྲིད་པའི་རྒྱན་གྱི་གཉེན་སློང་ཕོ་ཉ་ཕྱིར་མི་ལྡོག་ཀ་མེད་བྱུང་། དེ་ནས་བློན་སྲིད་པ་གཞོན་ནུས་རང་ཉིད་རྒྱལ་སྲས་གཞོན་ཟླ་མེད་ལ་བརྫུས་ནས་ཡིད་འོང་མ་དང་འཕྲིན་བསྲིངས་པ་དང་། ཁོ་མོ་རྒྱལ་སྲས་ལ་ཡིད་རབ་ཏུ་ཆགས་པས། སྲིད་པའི་རྒྱན་དུ་འགྲོ་བའི་གྲབས་བཤམས་ཤིང་། འགྲོ་བའི་ཚེ་ན་ནང་རུལ་འབངས་ཁོལ་གྱིས་གསང་བ་ཕྱིར་གྱར་བར་བརྟེན། སྣང་བ་འབུམ་ལྡན་གྱི་དམག་དཔུང་ཡིད་འོང་མ་བསུ་རུ་འོང་བ་དང་གདོང་ཐུག་བརྒྱབ་པས་སྲིད་པའི་རྒྱན་གྱི་བློན་དམག་ཕམ་པར་བཟོས་ཤིང་། ཡོད་འོང་མ་དང་སྲིད་པ་གཞོན་ནུ་གཉིས་སྣང་བ་འབུམ་ལྡན་དུ་ཁྲིད། ཡིད་འོང་མ་དྲན་གདུང་དང་འཚོ་བའི་ངལ་དུབ་ཀྱིས་མནར་ན་ཡང་། གཞོན་ནུ་ཟླ་མེད་ལ་བཅངས་པའི་བརྩེ་དུང་གི་དམ་ཚིག་དེ་སྣང་བ་འབུམ་ལྡན་གྱི་རྒྱལ་པོའི་བཙན་དབང་གིས་བཅོམ་མ་ཐུབ་པར། མཐར་དཔའ་བོ་སྲིད་པ་གཞོན་ནུའི་བློ་གྲོས་ལ་བརྟེན་ནས་སྣང་བ་འབུམ་ལྡན་དང་སྲིད་པའི་རྒྱན་གཉིས་ཀྱིས་གཡུལ་བཀྱེས་པས་སྣང་བ་འབུམ་ལྡན་ཕམ་པ་དང་། རྒྱལ་སྲས་གཞོན་ནུ་ཟླ་མེད་དང་སྲས་མོ་ཡིད་འོང་མ་གཉིས་ཀྱི་བརྩེ་དུང་མངོན་འགྱུར་བྱུང་ནས་གཉེན་སྒྲིག་བྱས་པ་དང་། རྩོམ་གྱི་མཇུག་ཏུ་གཞོན་ནུ་ཟླ་མེད་ཁོང་གི་འཁོར་བར་ངེས་འབྱུང་སྐྱེས་ཏེ་རྒྱལ་སྲིད་ཐལ་བ་བཞིན་བསྐྱུར་ནས་རི་ཁྲོད་ལ་ཕྱིན་པའི་སྐོར་བྲིས་ཡོད།
རྩོམ་རིག་ནི་མིའི་སྤྱི་ཚོགས་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། རྩོམ་པ་པོས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ། སྲིད་པ་་ཞོན་ནུ། ལྷ་ལས་ཕུལ་བྱུང་སོགས་མི་སྣ་རེ་རེའི་སྣང་བརྙན་དང་བྱུང་རིམ་བཀོད་སྒྲིག་བྱས་ཏེ། དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་རྗེན་པར་མཚོན་ཡོད་ལ། ཀློག་པ་པོ་དཔེ་ཀློག་དངོས་ལ་ཞུགས་ནས་མཁྱེན་རྟོགས་བྱ་རྒྱུ་ཧ་ཅང་གལ་ཆེའོ།།