ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སྐོར་གླེང་བ། (ཁག་གཉིས་པ། )

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སྐོར་གླེང་བ། (ཁག་གཉིས་པ། ) | ཀྲུང་གོ་བོད་ཀྱི་དྲ་བ།


ཁག་གཉིས་པ། རང་རྒྱལ་གྱི་མི་རིགས་སྲིད་ཇུས།

བློ་མཐུན་མའོ་ཙེ་ཏུང་གི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་དམངས་ཀྱི་མཐུན་སྒྲིལ། རྒྱལ་ནང་གི་མི་རིགས་སོ་སོའི་མཐུན་སྒྲིལ་བཅས་ནི་ང་ཚོའི་ལས་དོན་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན་ཞེས་པའི་གཏན་ཚིག་གྲགས་ཅན་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་། ངེས་པར་དུ་མི་རིགས་ཀྱི་དམིགས་བསལ་རང་བཞིན་དང་ས་ཁུལ་གྱི་དམིགས་བསལ་རང་བཞིན་གཞིར་བཟུང་ནས། གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་རང་བཞིན་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་གཟིགས་སྐྱོང་བྱེད་དགོས་པ་དང་། མི་རིགས་ཐད་ཀྱི་ངོ་བོ་མི་འདྲ་བའི་གནད་དོན་སྣ་ཚོགས་ཡང་དག་པའི་སྒོ་ནས་ཐག་བཅད་དེ། སྤྱི་ཚོགས་རིང་ལུགས་མེས་རྒྱལ་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ཡུན་རིང་གི་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཡར་སྐུལ་བྱེད་དགོས།

1. མི་རིགས་འདྲ་མཉམ་མཐུན་སྒྲིལ་གྱི་སྲིད་ཇུས།

ཀྲུང་ གོ་ནས་མི་རིགས་འདྲ་མཉམ་ནི་མི་རིགས་སོ་སོའི་མི་གྲངས་ཀྱི་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་མཐོ་དམའ། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་འདྲ་མིན་ལ་མི་བལྟ་བར་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པ་དང་། འདྲ་མཉམ་གྱི་གོ་གནས་ཡོད་ལ། རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་ཡོད་ཚད་ནས་ཁྲིམས་ལྟར་འདྲ་མཉམ་གྱི་དབང་ཆ་ཡོད་པ་དང་། འདྲ་མཉམ་གྱི་འོས་འགན་ལག་བསྟར་བྱས་ཏེ། རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱེད་པ་དེར་གོ། མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོས་སྤྱི་ཚོགས་འཚོ་བ་དང་འགྲོ་འོང་ཁྲོད་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཛའ་མཐུན་མཉམ་གནས་བྱེད་པ། ཕན་ཚུན་བརྩི་བཀུར་དང་རོགས་རམ་བྱེད་པར་གོ། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཏེ། མི་རིགས་འདྲ་མཉམ་མེད་ན། མི་རིགས་མཐུན་སྒྲིལ་འབྱུང་མི་ཐུབ། མི་རིགས་མཐུན་སྒྲིལ་ནི་མི་རིགས་འདྲ་མཉམ་གྱི་མཇུག་འབྲས་ཡིན་པ་དང་། མི་རིགས་སོ་སོ་དངོས་སུ་འདྲ་མཉམ་ཡོང་བར་བྱེད་པའི་འགན་སྲུང་ཡིན། མི་རིགས་འདྲ་མཉམ་མཐུན་སྒྲིལ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྱི་རྨང་རྡོ་ཡིན་པ་དང་། རང་རྒྱལ་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་སྲིད་ཇུས་གལ་ཆེན་ཡིན། སྲིད་ཇུས་གལ་ཆེན་དེ་ལག་ལེན་མཐར་ཕྱིན་བྱེད་ཆེད། ཏང་དང་རྒྱལ་ཁབ་ཀྱིས་གཙོ་བོ་གཤམ་གྱི་བྱེད་ཐབས་གཙོ་བོ་འདི་དག་སྤྱོད་བཞིན་ཡོད། གཅིག མི་རིགས་གཉའ་གནོན་དང་བཤུ་གཞོག་གི་ལམ་ལུགས་གཏོར་བ་དང་མི་རིགས་ཆེ་ཆུང་ཚང་མ་འདྲ་མཉམ་དུ་བཏང་ནས། མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། གཉིས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས་མི་རིགས་འདྲ་མཉམ་མཐུན་སྒྲིལ་གྱི་སྲིད་ཇུས་གཏན་ཁེལ་གསལ་བོ་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སོ་སོ་ཡོངས་སུ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་དང་དབང་ཆ་ལ་འགན་སྲུང་བྱེད་པ་དང་། མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་དུ་གཏོང་ལ། མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་པར་བཀག་འགོག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པ་དང་མི་རིགས་སིལ་བུར་གཏོར་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་པ་ཡིན་ཞེས་དང་། མིརིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད། མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཏེ། གཙོ་བོ་རྒྱ་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་དགོས་ཞེས་གཏན་ཁེལ་བྱས་ཡོད། གསུམ། ཆབ་སྲིད་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་འདྲ་མཉམ་གྱི་དབང་ཆར་འགན་སྲུང་བྱས་ཏེ། ཁོ་ཚོར་རང་བདག་གིས་མི་རིགས་རང་གི་ནང་ཁུལ་གྱི་དོན་དག་དང་རྒྱལ་ཁབ་ཀྱི་དོན་དག་ཐག་གཅོད་དུ་འཇུག་པ་དང་། སྐབས་རབ་དང་རིམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་དུ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་ཟིན་པའི་བསྡུར་ཚད་མི་རིགས་དེའི་མི་གྲངས་ཀྱི་བསྡུར་ཚད་ལས་བརྒལ་ཡོད། བཞི། ཕན་ནུས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་རོགས་བྱས་ཏེ། མི་རིགས་སོ་སོ་བཅའ་ཁྲིམས་དང་ཆབ་སྲིད་ཀྱི་ཐད་ནས་ཡོངས་སུ་འདྲ་མཉམ་དུ་བཏང་ཡོད་པའི་རྨང་གཞིའི་སྟེང་། དཔལ་འབྱོར་དང་རིག་གནས་ཀྱི་ཕྱོགས་སོ་སོ་ནས་རིམ་བཞིན་ཡོངས་སུ་འདྲ་མཉམ་ཡོང་བར་བྱེད་པ། ལྔ། ཐབས་སྣ་ཚོགས་སྤྱད་དེ་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས། མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་བཅས་དང་། མི་རིགས་ཀྱི་གཞི་རྩའི་ཤེས་བྱ་སློབ་གསོ་གཙིགས་སུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱ་འགུལ་སྤེལ་ཏེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གོང་དུ་སྤེལ་བ། ད་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་ཐེངས་བཞི་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ཚོགས་པ་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་བྱས། དེ་ནི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

2. མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས།

མི་ རིགས་ས་ཁོངས་རང་སྐྱོང་ནི་ང་ཚོའི་ཏང་གིས་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་ཡིན་པ་དང་། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་ཀྱི་ཆབ་སྲིད་གྲོས་མོལ་ལམ་ལུགས་བཅས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཆེན་པོ་གསུམ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་མགོ་ཁྲིད་འོག གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་པའི་ས་གནས་ལ་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཏེ། རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་ཟེར། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དེས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོས་མི་རིགས་རང་གི་ནང་ཁུལ་གྱི་དོན་དག་ཐག་གཅོད་པའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་གང་ལེགས་བྱེད་པ་མཚོན་ལ། རྒྱལ་ཁབ་ཀྱིས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། ཐུན་མོང་དར་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་མཚོན། མི་རིགས་ས་ཁོངས་རང་སྐྱོང་གི་རྩ་དོན་ལྟར་ན། མི་རིགས་ཤིག་གིས་རང་མི་རིགས་འདུས་སྡོད་བྱེད་ས་ནས་རང་རྐྱ་འཕེར་བའི་སྒོ་ནས་རང་སྐྱོང་ས་གནས་ཤིག་བཙུགས་ཆོག་པ་དང། མི་རིགས་དེའི་ཁྱབ་ཚུལ་གཞིར་བཟུང་ནས་རྒྱལ་ཡོངས་ཀྱི་ས་གནས་གཞན་པ་ནས་མི་རིགས་རང་སྐྱོང་ས་གནས་མང་པོ་བཙུགས་ཆོག མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་གཙོ་བོ་ནི། གཅིག མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ངོ་བོ་གཉིས་ཡོད་དེ། རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་ལག་བསྟར་བྱེད་ལ། དེ་དང་མཉམ་དུ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། ད་དུང་བཅའ་ཁྲིམས་གཞན་དག་བཅས་ཀྱིས་ཐག་བཅད་པའི་འགན་ཆ་ལྟར་རང་སྐྱོང་དབང་ཆ་ལག་བསྟར་བྱས་ཏེ། རང་ས་གནས་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་བསྟར་བྱེད་པ་ཡིན། གཉིས། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོའི་འགན་ནི་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འཁུར་བ་ཡིན་ལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ཁུལ་གྱི་ཁུལ་དཔོན། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་སྤྱི་དམངས་ཀྱིས་འཁུར་བ་ཡིན། གསུམ། མི་རིགས་རང་སྐྱོང་ས་གནས་ལ་ཁྲིམས་འཛུགས་ཀྱི་དབང་ཆ་དང་བབ་བསྟུན་བསྒྱུར་བཅོས་ཀྱི་དབང་ཆ་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་དེའི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གཏན་ལ་འབེབ་པའི་དབང་ཆ་ཡོད། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་ཆོད་དོན། བཀའ་ཁྱབ། མཛུབ་སྟོན་བཅས་གལ་ཏེ་མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མ་མཐུན་ཚེ། རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཆོག་མཆན་འགོད་དུ་བཅུག་སྟེ། དེ་བབ་བསྟུན་བསྒྱུར་བཅོས་ཀྱིས་ལག་བསྟར་བྱེད་པའམ་ཡང་ན་ལག་བསྟར་བྱེད་མཚམས་བཞག་ཆོག བཞི། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་སྐད་དང་ཡི་གེ་བེད་སྤྱོད་བྱེད་པའི་ཐད་ལ་ཆེད་དུ་གཏན་ཁེལ་ཡོད། རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་ནུས་ལག་བསྟར་བྱེད་སྐབས། མི་རིགས་རང་སྐྱོང་ས་གནས་རང་གི་རང་སྐྱོང་སྲོལ་ཡིག་གི་གཏན་ཁེལ་ལྟར། ས་དེས་གཅིག་གྱུར་གྱིས་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཡང་ན་མང་པོ་བཀོལ་ཆོག་ལ། གཅིག་གྱུར་གྱིས་བེད་སྤྱོད་བྱེད་པའི་སྐད་དང་ཡི་གེ་མང་པོ་བཀོལ་ནས་འགན་ནུས་ལག་བསྟར་བྱེད་སྐབས། ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོར་འཇོག་དགོས། རང་རྒྱལ་དུ་མི་རིགས་སོ་སོས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ཏེ་གོང་འཕེལ་དུ་གཏོང་བའི་རང་དབང་དང་དབང་ཆ་ཡོད་ལ། ཁྲིམས་འཛིན་དང་། སྲིད་འཛིན། སློབ་གསོ་སོགས་ཁྱབ་ཁོངས་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་གང་ཡིན་རུང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་རྒྱ་ཆེན་པོ་བྱེད་བཞིན་ཡོད། ལྔ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་རང་གི་དཔལ་འབྱོར་དང་རིག་གནས་སོགས་ལས་དོན་རང་བདག་གིས་གོང་དུ་སྤེལ་བའི་དབང་ཆ་ཡོད།

ཀྲུང་ གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་མགོ་ཁྲིད་འོག་གི་རང་སྐྱོང་ཡིན་པ་དང་། མི་རིགས་རང་སྐྱོང་ས་གནས་ཡོད་ཚད་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཡིན་ལ། མི་རིགས་རང་སྐྱོང་ས་གནས་སོ་སོའི་རང་སྐྱོང་ལས་ཁུངས་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་མགོ་ཁྲིད་འོག་གི་ས་གནས་ཀྱི་སྲིད་དབང་ཞིག་ཡིན་པས། ཚང་མས་ངེས་པར་དུ་ཀྲུང་དབྱང་གི་གཅིག་བསྡུས་དང་གཅིག་གྱུར་གྱི་མགོ་ཁྲིད་ལ་ཉན་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྲིད་ཇུས་དང་འཆར་གཞི་སྣ་ཚོགས་གཏན་འབེབ་བྱེད་སྐབས་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་བྱེད་སྐབས། ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་སོ་སོའི་བྱེ་བྲག་གི་གནས་ཚུལ་དང་དགོས་མཁོར་བསམ་བློ་གང་ལེགས་བཏང་སྟེ། ཕྱོགས་སོ་སོས་རོགས་རམ་དང་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱེད་དགོས། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ཡང་ན་ས་གནས་རང་སྐྱོང་ཁོ་ན་ཙམ་མིན་པར། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་གནས་ཀྱི་རྒྱུ་རྐྱེན་མཉམ་དུ་འདྲེས་པ་ཞིག་དང་། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་རྒྱུ་རྐྱེན་མཉམ་དུ་འདྲེས་པ་ཞིག་ཡིན། ལོ་ངོ་དྲུག་ཅུའི་རིང་གི་ལག་ལེན་ལས། ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དེ་རྒྱལ་ཁབ་ཀྱི་གཅིག་བསྡུས་གཅིག་གྱུར་དང་མི་རིགས་ཀྱི་རང་བདག་འདྲ་མཉམ་གཉིས་ཟུང་དུ་སྦྲེལ་བར་ཕན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་བྱེད་ཕྱོགས་སྲིད་ཇུས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིབ་ཕྲའི་གནས་ཚུལ་གཉིས་ཟུང་དུ་སྦྲེལ་བར་ཕན་ལ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་གཉིས་ཟུང་དུ་སྦྲེལ་བར་ཕན་པ་ར་སྤྲོད་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་མཐུན་ལ་དེར་ཁྱད་འཕགས་ཀྱི་རང་བཞིན་ཆེན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཉིས་སྟོང་ལྔ་ལོའི་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་། མི་རིགས་ས་ཁོངས་རང་སྐྱོང་ནི་ཏང་གིས་རང་རྒྱལ་གྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་གཞི་རྩའི་ཉམས་མྱོང་ཞིག་ཡིན་པར་སོམ་ཉི་གཏན་ནས་འཛིན་མི་རུང་ལ། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པར་གཡོ་འགུལ་གཏན་ནས་ཡོད་མི་རུང་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ཁྱད་སྟོབས་ཆེན་པོ་ཞིག་ཡིན་པས་ཉམས་དམས་སུ་གཏན་ནས་གཏོང་མི་རུང་ཞེས་གསུངས་ཡོད། གནས་བབ་གསར་བའི་འོག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཐུས་ཚང་དུ་གཏོང་ན། ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བཅའ་ཁྲིམས་འདི་དང་འཚམ་པའི་སྡེ་ཁག་གི་སྒྲིག་སྲོལ་དང་ས་གནས་ཀྱི་ཁྲིམས་སྲོལ་ཆ་ཚང་གཏན་འབེབ་བྱས་ཏེ། ཁྲིམས་ལྟར་མི་རིགས་རང་སྐྱོང་ས་གནས་ཀྱིས་རང་སྐྱོང་དབང་ཆ་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་གནང་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་ལ་ཡར་སྐུལ་བྱེད་དགོས།

ད་ ལྟ་ཀྲུང་གོར་མི་རིགས་རང་སྐྱོང་ས་གནས155 ཡོད་པ་དང་། དེའི་ནང་རང་སྐྱོང་ལྗོངས5 དང་། རང་སྐྱོང་ཁུལ30 ། རང་སྐྱོང་རྫོང120 བཅས་ཡོད། རང་ཞིང་ལ་རང་སྐྱོང་ཁུལ6 དང་རང་སྐྱོང་རྫོང7 ། མི་རིགས་ཞང34 བཅས་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི98 ཟིན་ཡོད། 

3. མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྲིད་ཇུས།

མི་ རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་ནི། ཏང་གི་མི་རིགས་སྲིད་ཇུས་ཀྱི་ནང་དོན་གལ་ཆེན་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་མྱུར་དུ་གོང་འཕེལ་དུ་གཏོང་བར་རོགས་རམ་བྱེད་པ་ཡིན་ཞེས་དང་། རྒྱལ་ཁབ་ཀྱིས་ནོར་སྲིད་དང་དངོས་རྫས། ལག་རྩལ་སོགས་ཕྱོགས་སོ་སོ་ནས་གྲངས་ཉུང་མི་རིགས་སོ་སོའི་དཔལ་འབྱོར་དང་རིག་གནས་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱེད་པ་ཡིན་ཞེས་གཏན་ཁེལ་བྱས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། རྒྱལ་ཁབ་ཀྱིས་མི་ཤུགས་དང་དངོས་ཤུགས། འབྱོར་བ། ལག་རྩལ་སྟོབས་ཤུགས་སོགས་ཐད་ནས་གྲངས་ཉུང་མི་རིགས་ལ་རོགས་རམ་ཆེན་པོ་བྱས་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ལ། དེས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། དུས་རབས་གསར་བ་དང་དུས་རིམ་གསར་བར་སླེབས་རྗེས། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། གཙོ་བོ་གཤམ་གྱི་སྲིད་ཇུས་དང་བྱེད་ཐབས་འདི་དག་སྤྱད། གཅིག གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག2005 ལོར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ་དང་། ཚོགས་འདུའི་རྗེས་སུ《 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་བྱ་བ་སྔར་ལས་གཙིགས་སུ་བཟུང་སྟེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཆོད་དོན》 སྤེལ། ལོ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས〉 ལག་བསྟར་གྱི་གཏན་ཁེལ་འགའ》 ཞེས་པ་སྒྲོག་སྤེལ་བྱས། དེ་གཉིས་ཀྱི་ནང་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་འགའ་བཏོན་ཡོད་ལ། དེའི་ནང་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོ། ཐོན་ཁུངས་སྔོག་འདོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ནོར་སྲིད་རྒྱབ་སྐྱོར། ཕྱི་ཕྱོགས་ཉོ་ཚོང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས། དབུལ་སྐྱོར་གསར་སྤེལ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར། ཁ་གཏད་རོགས་སྐྱོར་སོགས་འདུས་ཤིང་། མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་ལས་དོན་དང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་སོགས་ཕྱོགས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་ཡོད་ལ། དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།གཉིས།ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཚུན་ལ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་། ཉིས་སྟོང་ལྔ་ལོའི་བར་དུ། ཀྲུང་དབྱང་གིས་ནུབ་རྒྱུད་ས་ཁུལ་ལ་སྡོམ་པས་ནོར་སྲིད་རང་བཞིན་གྱི་འཛུགས་སྐྲུན་མ་དངུལ་སྒོར་མོ་དུང་ཕྱུར་སྟོང་ལྔ་དང་ལྔ་བརྒྱ་དང་། ནོར་སྲིད་གཏོང་སྤྲོད་ཀྱི་མ་དངུལ་སྒོར་མོ་དུང་ཕྱུར་སྟོང་བདུན་དང་ལྔ་བརྒྱ། ཡུན་རིང་འཛུགས་སྐྲུན་གྱི་རྒྱལ་བུན་སྒོར་མོ་དུང་ཕྱུར་སྟོང་གསུམ་དང་བརྒྱ་བཅས་སྡོམ་པས་སྒོར་མོ་དུང་ཕྱུར་ཁྲི་གཅིག་དང་སྟོང་དྲུག་བརྒྱ་ཐམ་པ་བཏང་། ནུབ་རྒྱུད་ས་ཁུལ་ནས་གསར་དུ་བཟོ་སྐྲུན་གལ་ཆེན་བདུན་ཅུ་ལས་པ་དང་མ་དངུལ་སྒོར་མོ་དུང་ཕྱུར་ཁྲི་གཅིག་བཏང་། མཚོ་བོད་ལྕགས་ལམ་དང་ནུབ་གློག་ཤར་བསྐྱལ། ནུབ་རླངས་ཤར་བསྐྱལ་སོགས་ཚབ་མཚོན་རང་བཞིན་གྱི་འཛུགས་སྐྲུན་བཟོ་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡིན་ལ། དེས་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་ཆེན་པོ་བྱས།

གསུམ།གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་ཕོངས་གནད་དོན་ཧུར་ཐག་གིས་ཐག་བཅད། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ནི་དུས་རིམ་གསར་བའི་དབུལ་སྐྱོར་གསར་སྤེལ་བྱ་བའི་རོགས་སྐྱོར་བྱེད་ཡུལ་གཙོ་བོར་བཞག་ཡོད་དེ། གསར་དུ་གཏན་ཁེལ་བྱས་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་རྫོང་གཙོ་བོ་ལྔ་བརྒྱ་དང་གོ་གཉིས་ཀྱི་ཁྲོད་དུ། མི་རིགས་རང་སྐྱོང་ས་གནས་ཉིས་བརྒྱ་དང་རེ་བདུན་ལ་ཇེ་མང་དུ་བཏང་ཡོད་པ་དང་། དབུལ་སྐྱོར་རྫོང་གཙོ་བོའི་སྤྱི་གྲངས་ཀྱི་བརྒྱ་ཆའི་ཞེ་ལྔ་གྲངས་ཆུང་གཅིག་ཟིན་ཡོད། དེ་དང་མཉམ་དུ་མི་རིགས་ས་ཁུལ་ལ་དབུལ་སྐྱོར་མ་དངུལ་གཏོང་ཚད་ཇེ་མང་ལ་བཏང་ཡོད་དེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་གཙོ་བོ་ནང་སོག་དང་ཀོང་ཞི། བོད་ལྗོངས། ཉིན་ཞ། ཞིན་ཅང་བཅས་རང་སྐྱོང་ལྗོངས་ལྔ་དང་ཀོས་ཀྲིག་དང་ཡུན་ནན། མཚོ་སྔོན་བཅས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཉུང་མང་བའི་ཞིང་ཆེན་གསུམ་དམིགས་སུ་བཀར་ནས་ས་དེ་དག་ལ་གཏོང་བཞིན་ཡོད། ཉིས་སྟོང་ལྔ་ལོར་མི་རིགས་ཞིང་ལྗོངས་བརྒྱད་པོ་དེར་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་མོ་དུང་ཕྱུར་ཞེ་བརྒྱད་དང་བྱེ་བ་བཞི་བཏང་བ་དང་། དེས་ལོ་ཧྲིལ་པོའི་ཀྲུང་དབྱང་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་བརྒྱ་ཆའི་བཞི་བཅུ་གྲངས་ཆུང་གཉིས་ཟིན།

བཞི།གཏན་ཁེལ་གསུམ་གཏན་འབེབས་བྱས་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱེད་པ་དེ་རྒྱལ་ཁབ་ཀྱི་འཆར་གཞིའི་ནང་བཀོད། དང་པོ།《 མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་སུ་གཏོང་བའི་རོགས་སྐྱོར་བྱེད་པའི་འཆར་གཞི(2005~2010 ལོའི་བར)》 གཏན་འབེབས་བྱས། རང་རྒྱལ་ལ་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔ་ཡོད་པ་དང་། དེའི་ནང་མི་གྲངས་འབུམ་གཅིག་མན་གྱི་མི་རིགས་ཉེར་གཉིས་ཡོད་ལ། གཙོ་བོ་ནུབ་རྒྱུད་དང་མཐའ་མཚམ་ས་ཁུལ་དུ་ཡོད་པ་དང་། དེར་སྤྱིའི་མི་གྲངས་འབུམ་དྲུག་དང་ཁྲི་གསུམ་ཡོད་ཅིང་། རྒྱུན་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཞེས་འབོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པ་དང་། ཞིང་ལྗོངས་ཀྱིས་སྤྱིའི་འགན་འཁུར་བ། རྫོང་གིས་དངོས་འབེབ་བྱེད་པ། སྡེ་བས་དག་ཐེར་བཅོས་སྒྱུར་བྱེད་པ་བཅས་ཀྱི་རྩ་དོན་ལྟར། རྒྱབ་སྐྱོར་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས་པ་མ་ཟད། མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ས་ཁུལ་དང་གྲོང་ཁྱེར་ཆེ་འབྲིང་། ཁེ་ལས་ཆེན་པོ་བཅས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པར་རྩ་འཛུགས་བྱེད་རྒྱུ་དང་། ལོ་ལྔ་ཡས་མས་ལ་འབད་བརྩོན་བྱས་པ་བརྒྱུད་དེ། མི་གྲངས་ཅུང་ཉུང་བའི་མི་རིགས་འདུས་སྡོད་བྱེད་སའི་སྲིད་འཛིན་སྡེ་བ་དྲུག་བརྒྱ་དང་བཞི་བཅུ་ལ་ད་ཡོད་ཀྱི་དབུལ་ཕོངས་མི་གྲངས་ཀྱི་ཁ་རྒྱབ་ཀྱི་གནད་དོན་ཕལ་ཆེར་ཐག་གཅོད་པར་རོགས་རམ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ས་དེའི་ཆུ་ཚད་འབྲིང་ཙམ་གྱི་ཡན་དུ་བསླེབ་ཏུ་འཇུག་རྒྱུའི་རེ་བ་བཏོན་ཡོད། གཉིས་པ། གྲངས་ཉུང་མི་རིགས་ལས་དོན་གྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་གཞི་གཏན་འབེབས་བྱས། འཆར་གཞི་དེས་ཚན་རིག་གི་འཕེལ་རྒྱས་ལྟ་བས་གཅིག་གྱུར་གྱིས་མགོ་ཁྲིད་དེ། གྲངས་ཉུང་མི་རིགས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འབུར་དུ་ཐོན་པའི་གནད་དོན་དང་དམིགས་བསལ་གྱི་དཀའ་ངལ་ཐག་གཅོད་པ་ནས་མགོ་བརྩམས་ཤིང་། སྤྱི་བའི་ཞབས་ཞུ་ཕལ་ཆེར་དོ་མཉམ་ཅན་དུ་གཏོང་རྒྱུ་དེ་དམིགས་འབེན་དུ་བརྩིས་ཏེ། གྲངས་ཉུང་མི་རིགས་ཀྱི་ལས་དོན་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་དམིགས་འབེན་བཏོན་ཡོད། མ་འོངས་པའི་ལོ་ལྔའི་རིང་གི་འབད་བརྩོན་བརྒྱུད་དེ། གྲངས་ཉུང་མི་རིགས་ཀྱི་ཡོང་སྒོའི་ཆུ་ཚད་དང་། ལོ་འགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་བཏང་བའི་མི་གྲངས་ཀྱི་ཁྱབ་ཚད། བྱིས་པ་ཤི་ཚད། མི་རིགས་ཡི་གེའི་པར་འདེབས། མི་སྣ་འཇོན་ཐང་ཅན་གྱི་བསྡུར་ཚད་དང་། རང་སྐྱོང་ས་ཆའི་གྲོང་བརྡལ་ཅན་གྱི་ཚད་སོགས་ཚད་གཞི་དྲུག་འཆར་གཞིའི་རེ་བ་དང་མཐུན་པར་བརྩོན་ལེན་བྱེད་དགོས་ལ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་གཞིའི་ཁྲོད་བཞག་སྟེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་དགོས། གསུམ་པ། མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་བསྒྱུར་འགུལ་སྐྱོད་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་གཞི་གཏན་འབེབས་བྱས། མཐའ་མཚམས་སྲུང་སྐྱོབ་དང་མི་དམངས་ཕྱུག་བསྒྱུར་འགུལ་སྐྱོད་ལག་བསྟར་བྱེད་ཡུལ་ནི་སྐམ་སའི་མཐའ་མཚམས་ཀྱི་རྫོང་བརྒྱ་དང་སོ་ལྔ་དང་། སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་དགུའི་མངའ་ཁོངས། མི་གྲངས་བྱེ་བ་གཉིས་དང་ས་ཡ་གཅིག་བཅས་རེད། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་བཀོད་དེ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གཙིགས་སུ་འཛིན་པ་དང་། རྫོང་ཁོངས་དཔལ་འབྱོར་འཕར་སྣོན་འབྱུང་ས་སྐྱེད་སྲིང་བྱེད་པ། རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་པ། མི་རིགས་རང་སྐྱོང་ས་གནས་ཀྱིས་མཐའ་མཚམས་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེ། མི་རིགས་ཀྱི་མཐུན་སྒྲིལ་ཇེ་དམ་དུ་གཏོང་རྒྱུ་ཡིན་པ་དང་མཐའ་མཚམས་ཀྱི་བརྟན་འཇགས་སྲུང་སྐྱོང་བྱེད་རྒྱུ་རེད།

4. གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཧུར་ཐག་གིས་གསོ་སྐྱོང་བྱེད་པའི་སྲིད་ཇུས།

གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་བསྐོ་འཇོག་བྱེད་པ་ནི་ང་ཚོའི་ཏང་གི་རྒྱུན་ལྡན་གྱི་བྱེད་ཕྱོགས་ཡིན་ལ། མི་རིགས་ཀྱི་གནད་དོན་ཐག་གཅོད་པ་དང་མི་རིགས་ཀྱི་བྱ་བ་བཟང་པོར་སྒྲུབ་པའི་གནད་དམ་པ་ཡིན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་དཔུང་སྡེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་གལ་ཆེན་དང་ལྕགས་ཐག་ལྟ་བུ་ཡིན། ཁོ་ཚོ་ནི་རང་མི་རིགས་ལ་འབྲེལ་འདྲིས་ཟབ་མོ་ཡོད་པ་དང་། རང་མི་རིགས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ལ་ཆ་རྒྱུས་ཡོད་ཅིང་། རང་མི་རིགས་ཀྱི་སྐད་ཡིག་དང་ཐོན་སྐྱེད་འཚོ་བའི་རྣམ་པ། ཡུལ་སྲོལ་གོམས་གཤིས་བཅས་ལ་རྒྱུས་མངའ་ཡོད་པས། རང་མི་རིགས་ཀྱི་མང་ཚོགས་ཁྲོད་དུ་ཤན་ཤུགས་དང་འབོད་སྐུལ་གྱི་ནུས་པ་གལ་ཆེན་ཡོད་ལ། མི་རིགས་གཞན་པའི་ལས་བྱེད་པས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཡོད། ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བྱ་བར་ནམ་ཡང་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་གནས་ཚུལ་དངོས་གཞིར་བཟུང་ནས། ཕན་ནུས་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད། གཅིག མི་རིགས་ཀྱི་བྱ་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གླིང་གི་གསོ་སྦྱོང་དང་སློབ་སྦྱོང་བརྒྱུད་དེ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བྱང་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། གཉིས། ལག་ལེན་སྦྱོང་བརྡར་ལ་དོ་སྣང་བྱས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པའི་བརྗེ་རེས་དང་ལས་གནས་བརྗེ་སྤོར་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། དཔལ་འབྱོར་ཅུང་དར་རྒྱས་ཆེ་བའི་ས་ཁུལ་དུ་འགན་ཁུར་སྦྱོང་བརྡར་དུ་མངགས་ཏེ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་མང་པོ་ཞིག་སྐྱེད་སྲིང་བྱས་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བཏང་། གསུམ། སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཆ་རྐྱེན་འདྲ་མཚུངས་ཀྱི་སྐབས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དམིགས་བསལ་གྱིས་བསྐོ་འཇོག་དང་བཀོལ་སྤྱོད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དམངས་འཐུས་ཚོགས་ཆེན། སྲིད་གྲོས་སོགས་མགོ་ཁྲིད་ཚན་ཁག་གི་ཁྲོད་དུ་བསྡུར་ཚད་འོས་འཚམ་ཟིན་དུ་བཅུག ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན་འོག རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་འཇོན་ཐང་ཅན་གྱི་མི་སྣ་སྣ་ཚོགས་འཚར་ལོངས་བཟང་པོ་བྱུང་ནས་གྲངས་ཀ་ཇེ་མང་དང་། གྲུབ་ཚུལ་ཇེ་བཟང་། བྱང་ཚད་ཇེ་མཐོ་བཅས་སུ་སོང་སྟེ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་ཆེན་པོ་བཏང་།

དུས་རབས་གསར་བའི་དུས་རིམ་གསར་བར། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་བསྐོ་འཇོག་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས། བྱ་བ་དེ་ཡུན་རིང་ལ་དམིགས་པ་དང་གཞི་རྩར་དམིགས་པའི་དོན་ཆེན་ཞིག་ཏུ་བརྩིས་པ་དང་། སྤྱོན་ཡོན་གཉིས་ལྡན་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་བསྟན་པ་དང་། མི་རིགས་ས་ཁུལ་གྱི་མི་སྣ་འཇོན་ཐང་ཅན་གྱི་ཐོན་ཁུངས་སྔོག་འདོན་བྱེད་པ་ནི་འཐབ་ཇུས་ཀྱི་ལས་འགན་ཡིན་པས། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་བའི་རིམ་པ་སོ་སོ་དང་རིགས་སྣ་ཚོགས་ཀྱི་མི་སྣ་འཇོན་ཐང་ཅན་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་ཞེས་བསྟན། དེ་ནི་གནས་བབ་གསར་བའི་འོག་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་རིགས་སྣ་ཚོགས་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་སྔར་ལས་བཟང་པོ་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བསྐོ་འཇོག་བྱེད་ན། ངེས་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་སྤེལ་བ་བཅས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས། བབ་བསྟུན་མདུན་སྐྱོན་དང་གསར་སྐྲུན་ལྷོད་མེད་བྱེད་དགོས། གཅིག གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེའི་གྲངས་ཀ་མུ་མཐུད་དུ་ཇེ་མང་ལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་དགོས་མཁོ་ལ་མཐུན་པ་དང་། ལས་བྱེད་པའི་དཔུང་སྡེ་གསར་རྙིང་བརྗེ་བའི་དགོས་མཁོ་ལ་མཐུན་ཆེད། ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེའི་བསྐོ་འཇོག་བྱ་བར་སྔར་ལས་གཙིགས་འཛིན་བྱེད་དགོས། གཉིས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེའི་བྱང་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་དགོས། ཁོ་ཚོའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་རོགས་རམ་ཆེན་པོ་བྱས་ཏེ། ཁོ་ཚོས་རིགས་སོ་སོའི་མང་ཚོགས་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དབུལ་ཐར་ཕྱུག་བསྒྱུར་བྱས་ཏེ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་དོན་གོང་འཕེལ་དུ་སོང་བ་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་ལམ་ལུགས་བཙུགས་པར་བསྟུན་ནས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ལུགས་མཐུན་མིན་པའི་གནད་དོན་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས། ངེས་པར་དུ་གནད་དོན་དེར་ཧ་ཅང་མཐོང་ཆེན་བྱས་ཏེ་ཐག་གཅོད་དགོས། བཞི། རིམ་པ་ཇེ་མཐོར་བཏང་སྟེ། སྤྱིར་བཏང་གི་ལས་བྱེད་པ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་དགོས་པ་མ་ཟད། ད་དུང་གྲངས་ཉུང་མི་རིགས་ཀྱི་རིམ་པ་འབྲིང་བ་དང་རིམ་པ་མཐོ་བའི་མགོ་ཁྲིད་ལས་བྱེད་པ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་དགོས། ལྔ། ནུས་པ་བཏོན་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ཡིད་ཆེས་ཆེན་པོ་བྱས་ཏེ་སེམས་བདེ་མོའི་ངང་བཀོལ་དགོས་ལ། ཁོ་ཚོ་སྦྱོར་བརྡར་བྱས་ཏེ་འཚར་ལོངས་འབྱུང་བར་གོ་སྐབས་བསྐྲུན་དགོས། དྲུག གྲངས་ཉུང་མི་རིགས་ཀྱི་རིམ་པ་སོ་སོའི་ཆེད་ལས་འཇོན་ཐང་མི་སྣའི་སྐྱེད་སྲིང་ལ་མཐོང་ཆེན་དང་གཙིགས་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་རིམ་པ་ཅུང་མཐོ་བའི་ཆེད་ལས་འཇོན་ཐང་མི་སྣ་སྐྱེད་སྲིང་དང་བསྐོ་འཇོག་བྱས་ཏེ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོར་མཐུན་པར་བྱེད་དགོས།

5. གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པའི་སྲིད་ཇུས།

གྲངས་ ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་ནི། རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་ནང་དོན་གལ་ཆེན་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་མི་རིགས་སོ་སོར་མི་རིགས་རང་གི་སྲོལ་རྒྱུན་གོམས་གཤིས་སྲུང་འཛིན་དང་ཡང་ན་བཅོས་སྒྱུར་བྱེད་པའི་རང་དབང་ཡོད་ཅེས་གཏན་ཁེལ་བྱས་ཡོད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་དང་། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་དང་བཅོས་སྒྱུར་བྱེད་པའི་དབང་ཆ་ཡོད། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ནི་ཡུན་རིང་པོའི་ལོ་རྒྱུས་ཁྲོད་གྲུབ་པ་རེད། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་ནི། མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པར་མཁོ་བའི་རེ་བ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཧ་ཅང་མཐོང་ཆེན་བྱས་པ་མ་ཟད། སྲིད་ཇུས་དང་བྱེད་ཐབས་རམ་དང་རིམ་པ་སྤྱད་དེ་འགན་སྲུང་བྱས། གཅིག གྲངས་ཉུང་མི་རིགས་ཀྱི་བཟའ་བཏུང་གི་གོམས་གཤིས་ལ་བརྩི་བཀུར་བྱས། གྲངས་ཉུང་མི་རིགས་ཀྱི་ཆེད་མཁོའི་ཟས་རིགས་ཀྱི་ཐོན་སྐྱེད་དང་འདོན་སྤྲོད་ལ་ཁག་ཐེག་བྱས་པ་དང་། ལྷག་པར་དུ་ཧོས་རིགས་དང་ཡུ་གུར་རིགས། ཧ་སག ཁི་ཨར་ཁི་ཙི། ཐ་ཅི་ཁི། ཐ་ཐ་ཨར། བུའུ་ཙི་པེའེ་ཁི། ཏུང་ཞང་། ཟ་ལར། པའོ་ཨན་བཅས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་པ་དང་མུའུ་སི་ལིན་གྱི་ཟས་རིགས་ཟ་བའི་མི་རིགས་བཅུ་ལ་ཆེད་དུ་གཟིགས་སྐྱོང་བྱས། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་ཆེད། མུའུ་སི་ལིན་གྱི་ཟས་རིགས་ལ་ལྟ་རྟོག་དོ་དམ་བྱེད་པར་གཙིགས་འཛིན་བྱས་པ་དང་། མུའུ་སི་ལིན་གྱི་ཟས་རིགས་ལས་རིགས་འཕེལ་རྒྱས་སུ་བཏང་ལ། མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་ཡར་སྐུལ་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་ནས། མུའུ་སི་ལིན་གྱི་ཟས་རིགས་དོ་དམ་སྲོལ་ཡིག་གཏན་འབེབ་བྱེད་བཞིན་ཡོད། གཉིས། གྲངས་ཉུང་མི་རིགས་ཀྱི་གྱོན་གོས་གོམས་སྲོལ་ལ་བརྩི་བཀུར་བྱས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་ཆེད་དུ་མཁོ་བའི་ཅ་ལག་ཐོན་སྐྱེད་དང་མཁོ་འདོན་བྱེད་དུ་བཅུག་ཡོད་པ་དང་། ས་ཁུལ་མང་པོ་ན་མི་རིགས་ཅ་ལག་གི་ཆེད་འཚོང་ཁང་བཙུགས་ཡོད་པའམ་ཡང་ན་སྤྱིར་བཏང་གི་ཚོང་ཁང་ནང་མི་རིགས་ཅ་ལག་ཆེད་དུ་བཙོང་ས་བཙུགས་ཡོད། གསུམ། གྲངས་ཉུང་མི་རིགས་ཀྱི་དུས་ཆེན་གྱི་གོམས་སྲོལ་ལ་བརྩི་བཀུར་དང་གཟིགས་སྐྱོང་བྱས། རྒྱལ་ཁབ་ཀྱིས་ས་ཆ་སོ་སོའི་མི་དམངས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་གྱི་གོམས་སྲོལ་ལྟར་ངལ་གསོའི་གནང་བ་སྟེར་བའི་བྱེད་ཐབས་དང་དུས་ཆེན་གྱི་དམིགས་བསལ་ཟས་རིགས་མཁོ་འདོན་བྱེད་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་གཏན་འབེབ་བྱེད་དགོས་པ་གཏན་ཁེལ་བྱས་ཡོད། བཞི། གྲངས་ཉུང་མི་རིགས་ཀྱི་གཉེན་སྒྲིག་གི་གོམས་སྲོལ་ལ་བརྩི་བཀུར་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་དེའི་རྩ་དོན་ལྟར། ས་དེའི་མི་རིགས་ཀྱི་གཉེན་སྒྲིག་གི་གནས་ཚུལ་ལ་དམིགས་ཏེ། སྟབས་བདེའི་སྲོལ་ཡིག་དང་ཁ་གསབ་གཏན་ཁེལ་ཁ་ཤས་གཏན་འབེབ་བྱས་ཆོག་པ་གཏན་ཁེལ་བྱས་ཡོད། ལྔ། གྲངས་ཉུང་མི་རིགས་ཀྱི་དུར་འཇུག་གི་གོམས་སྲོལ་ལ་བརྩི་བཀུར་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུར་འཇུག་དོ་དམ་སྲོལ་ཡིག་གི་ནང་དུ། གྲངས་ཉུང་མི་རིགས་ཀྱི་དུར་འཇུག་གི་གོམས་སྲོལ་ལ་བརྩི་བཀུར་བྱེད་དགོས་པ་དང་། དུར་འཇུག་གི་གོམས་སྲོལ་བསྒྱུར་བར་རང་འཐད་བྱུང་ན་མི་གཞན་པས་དེར་ཐེ་གཏོགས་བྱས་མི་ཆོག་ཅེས་གཏན་ཁེལ་བྱས་ཡོད། རྒྱལ་ཁབ་ཀྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པའི་མི་རིགས་ཀྱི་བེམ་པོ་ས་རུ་སྦས་པའི་གོམས་སྲོལ་ལ་བརྩི་བཀུར་བྱས་ཏེ། ཆེད་སྤྱོད་ས་ཞིང་བྱིན་ནས་སྤྱི་པའི་བང་སོ་ལས་ཡོད་པ་མ་ཟད། ད་དུང་ཆེད་དུ་མི་རིགས་དེ་དག་ལ་ཞབས་འདེགས་ཞུ་བའི་པུར་འཇུག་ཞབས་ཞུའི་སྡེ་ཁག་བཙུགས་ཡོད། དྲུག སྤྱི་ཚོགས་དྲིལ་སྒྲོག་གི་བྱ་བའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་པ་བཟོ་བའི་དོན་དག་འབྱུང་བར་བཀག་འགོག་བྱས།

6. གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་བརྩི་བཀུར་དང་འགན་སྲུང་བྱེད་པའི་སྲིད་ཇུས།



རང་ རྒྱལ་གྱི་རྩ་ཁྲིམས་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ཅེས་གཏན་ཁེལ་བྱས་ཡོད། རྩ་ཁྲིམས་ནང་གི་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པའི་གཏན་ཁེལ་གཞིར་བཟུང་ནས། རྒྱལ་ཁབ་ཀྱིས་སྲིད་ཇུས་ཞིབ་ཕྲ་གཏན་ཁེལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་རྣམས་ཀྱི་ཚུལ་མཐུན་གྱི་ཆོས་ལུགས་བྱ་འགུལ་ཡོད་ཚད་ལ་འགན་སྲུང་བྱེད་བཞིན་ཡོད། གཅིག ཆོས་ལུགས་དད་མོས་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་ཞེས་པ་ནི་སྤྱི་དམངས་རེ་རེར་ཆོས་ལུགས་ལ་དད་པ་བྱེད་པའི་རང་དབང་ཡོད་པ་དང་། དད་པ་མི་བྱེད་པའི་རང་དབང་ཡང་ཡོད་ལ། ཆོས་ལུགས་འདི་ལ་དད་པ་བྱེད་པའི་རང་དབང་ཡོད་པ་དང་། ཆོས་ལུགས་གན་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད་ཅིང་། ཆོས་ལུགས་གཅིག་གི་ནང་དུ་གྲུབ་མཐའ་འདི་ལ་དད་པ་བྱེད་པའི་རང་དབང་ཡོད་པ་དང་། གྲུབ་མཐའ་གན་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད་ལ། སྔོན་ཆད་ཆོས་ལུགས་ལ་དད་པ་མི་བྱེད་ཀྱང་ད་ལྟ་དད་པ་བྱེད་པའི་རང་དབང་ཡོད་པ་དང་། སྔོན་ཆད་ཆོས་ལུགས་ལ་དད་པ་བྱེད་ཀྱང་ད་ལྟ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པར་ཟེར། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པ་དང་། སྤྱི་དམངས་ཀྱི་ཆོས་ལུགས་ལ་དད་པ་མི་བྱེད་པའི་རང་དབང་ལ་ཡང་བརྩི་བཀུར་དང་སྲུང་སྐྱོབ་བྱེད། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་གང་ཡིན་རུང་བཙན་གྱིས་སྤྱི་དམངས་ཆོས་ལ་དད་དུ་འཇུག་པའམ་ཡང་ན་དད་པ་བྱེད་དུ་མི་འཇུག་པ་སོགས་བྱས་མི་ཆོག་ལ། ཆོས་ལུགས་ལ་དད་པ་བྱེད་པའི་སྤྱི་དམངས་དང་ཆོས་ལུགས་ལ་དད་པ་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱས་མི་ཆོག ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་ཀྱི་བར་དང་། ཆོས་ལུགས་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བར་དད་པའི་མང་ཚོགས་ཀྱི་བར་དུ། ཚང་མས་ཕན་ཚུན་ལ་བརྩི་བཀུར་དང་རོགས་རམ་མཐུན་སྒྲིལ་བྱེད་དགོས། མང་ཚོགས་མང་ཆེ་ཤོས་ཀྱིས་ཆོས་ལུགས་ལ་དད་པ་མི་བྱེད་པའི་ས་ཆ་ནས། དད་ལྡན་མང་ཚོགས་ཉུང་ཤོས་ཀྱི་དབང་ཆ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས་པ་དང་། མང་ཚོགས་མང་ཆེ་ཤོས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པའི་ས་ཆ་ནས། ཆོས་ལ་མི་དད་པའི་མང་ཚོགས་ཉུང་ཤོས་ཀྱི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་བྱེད་པར་དོ་སྣང་བྱེད་དགོས། གཉིས། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་སྣང་བྱེད་པ་ཡིན། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཁོ་བའི་རེ་བ་ཡིན་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ་དེས་ཆོས་ལུགས་བྱ་འགུལ་ལ་ཚོད་འཛིན་ཅི་ཡང་མི་ཐེབས་པ་གཏན་ནས་མི་མཚོན། སྤྱི་དམངས་ཀྱིས་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་ལོངས་སུ་སྤྱོད་པ་དང་མཉམ་དུ། ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འོས་འགན་འཁུར་དགོས། ཀྲུང་གོ་ནས་མི་སུ་དང་ཚོགས་པ་གང་། ཆོས་ལུགས་གང་ཡིན་རུང་ཚང་མས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་དགོས། གསུམ། རང་བཙན་རང་བདག་དང་ཆོས་ཚོགས་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་ཚོད་འཛིན་མི་ཐེབས་ཞེས་གཏན་ཁེལ་བྱས་ཡོད། ཀྲུང་གོའི་ཆོས་ལུགས་སོ་སོས་ངེས་པར་དུ་རང་བཙན་རང་བདག་དང་ཆོས་ཚོགས་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་མཛའ་མཐུན་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་སོ་སོའི་ཆོས་ལུགས་རྩ་འཛུགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་མཛའ་མཐུན་འགྲོ་འོང་གི་བྱ་འགུལ་སྤེལ་དགོས། ཡིན་ནའང་དེ་དང་མཉམ་དུ་ཕྱི་རྒྱལ་གྱི་ཆོས་ལུགས་སྟོབས་ཤུགས་ངན་པས་རང་རྒྱལ་གྱི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ལ་ཡང་བསྐྱར་ཚོད་འཛིན་བྱེད་འདོད་པའི་ཧམ་སེམས་ལ་དོགས་ཟོན་དང་ངོ་རྒོལ་བྱེད་དགོས། འདི་ནི་རང་རྒྱལ་ལ་ཡུན་རིང་པོར་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཕྲོག་བཅོམ་ཐེབས་པ་དང་། ཆོས་ལུགས་ཁ་ཤས་བཙན་རྒྱལ་རིང་ལུགས་ཀྱིས་ཚོད་འཛིན་དང་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་དམིགས་ཏེ། རང་རྒྱལ་གྱི་དད་ལྡན་མང་ཚོགས་ཀྱིས་བདམས་པའི་རང་དབང་གི་གདམ་ག་རེད། དེར་བརྟེན་ཕྱི་རྒྱལ་གྱི་ཆོས་ལུགས་ཚོགས་པ་གང་དང་མི་སྒེར་སུ་ཡིན་རུང་རང་རྒྱལ་གྱི་མངའ་ཁོངས་ནས་ཆོས་ལུགས་རྩ་འཛུགས་དང་དོན་སྒྲུབ་ལས་ཁུངས། ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཡང་ན་ཆོས་ལུགས་སློབ་གྲྭ་བཅས་འཛུགས་མི་ཆོག་ལ། ཀྲུང་གོའི་སྤྱི་དམངས་ཀྱི་ཁྲོད་ནས་ཆོས་སློབ་བཙལ་བ་དང་། ཆོས་ལུགས་འགན་འཁུར་མི་སྣ་བསྐོ་བ། ཆོས་ལུགས་ཀྱི་བྱ་འགུལ་གཞན་པ་སྤེལ་བ་སོགས་བྱས་མི་ཆོག བཞི། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་ཁྲིད་སྟོན་གང་ལེགས་བྱེད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་ཁྲིད་སྟོན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་བཏོན་པའི་རེ་བ་ཡིན། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་དམིགས་ཡུལ་ནི་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱས་ཤིང་། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས། རྒྱལ་ཡོངས་མི་དམངས་བཅས་དང་མཉམ་དུ་མཐུན་སྒྲིལ་བྱས་ཏེ། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།