མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྐོར་གླེང་བ།(༦)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྐོར་གླེང་བ།(༦) | ཀྲུང་གོ་བོད་ཀྱི་དྲ་བ།


མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་བཏང་ནས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས།

« མི་དམངས་ཉིན་རེའི་ཚགས་པར» གྱི་དཔྱད་གཏམ་པའི་རྩོམ་ཡིག“ མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།” ཞེས་པའི་ཁག་དྲུག་པ།

མི་རིགས་འབྲེལ་བ་ནི་ང་ཚོ་མི་རིགས་མང་པོའི་རྒྱལ་ཁབ་འདིར་མཚོན་ནས་བཤད་ན་ཆབ་སྲིད་དང་སྤྱི་ཚོགས་འབྲེལ་བ་འགངས་ཆེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ལས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མི་རིགས་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས། དེ་མིན་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཡུན་རིང་གཏན་འཇགས་མངོན་འགྱུར་བྱེད་པའི་ཁག་ཐག་གལ་ཆེན་ཞིག་ཡིན།

རང་རྒྱལ་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་འདི་གསར་སྐྲུན་བྱས་པ་དང་། མེས་རྒྱལ་གྱི་ཁོད་ཡངས་པའི་མངའ་ཁོངས་གསར་སྤེལ་བྱས་ཤིང་། འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་མཉམ་དུ་འཕེལ་རྒྱས་སུ་བཏང་། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་དངོས་ཡོད་ཀྱི་རྨང་གཞི་ཡོད། ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་རང་རྒྱལ་མི་རིགས་ཁག་གི་མི་རིགས་ཀྱིས་ཕན་ཚུན་བར་འབྲེལ་འདྲིས་དམ་པོ་དང་གཅིག་ལ་གཅིག་བརྟེན། བདེ་སྡུག་མཉམ་གནས་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ལ་སྣ་མང་གཞི་གཅིག་གི་རྣམ་པ་ཞིག་ཆགས་ཡོད་པ་དང་། འགྱུར་བ་མེད་པའི་ཤ་དང་རུས་པའི་བརྩེ་དུངས་དང་སྤུན་ཟླའི་མཛའ་མཐུན་གྲུབ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱས་ཡོད་པ་དང་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོར་བར་མཉམ་དུ་སྐུལ་འདེད་བཏང་། མི་རིགས་ས་ཁོངས་རང་སྐྱོང་ནི་རང་རྒྱལ་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་ཡིན་ལ། མི་རིགས་འབྲེལ་བ་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན། དོན་དངོས་ལས་བདེན་དཔང་བྱས་དོན། ལམ་ལུགས་དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོབ་བྱེད་པ་དང་འཚམས་ཤིང་། རིགས་སོ་སོའི་མི་དམངས་ཀྱིས་དེ་ལ་སྙིང་ཐག་པ་ནས་བརྩི་བཀུར་ཐོབ་པས། དེ་ལ་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེས་ཆེར་ལྡན་ཡོད།

མེས་རྒྱལ་གྱི་གཅིག་གྱུར་ནི་རིགས་སོ་སོའི་མི་དམངས་ཀྱི་ཆེས་ཆེ་བའི་ཁེ་ཕན་ཡིན་ལ། མི་རིགས་མཐུན་སྒྲིལ་ནི་མེས་རྒྱལ་གཅིག་གྱུར་གྱི་ཁག་ཐེག་གལ་ཆེན་ཞིག་ཡིན། དུས་ད་ལྟ། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ་གྲངས་ཉུང་མི་རིགས་ཡང་རྒྱ་རིགས་དང་འབྲལ་ཐབས་མེད་ཅིང་། གྲངས་ཉུང་མི་རིགས་སོ་སོའི་བར་ཡང་ཕན་ཚུན་ལ་ཁ་འབྲལ་ཐབས་མེད་པའི་བསམ་བློའི་ལྟ་བ་མིའི་སེམས་སུ་ཟུག་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། དུས་མཉམ་དུ། བཅོས་སྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། ལྷག་པར་དུ་བཟོ་ལས་ཅན་དང་བརྡ་འཕྲིན་ཅན། གྲོང་བརྡལ་ཅན། ཚོང་ར་ཅན། རྒྱལ་སྤྱིའི་ཅན་བཅས་མགྱོགས་མྱུར་ངང་སྐུལ་འདེད་བྱས་པ་དང་བསྟུན་ནས་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་གཞི་ལ་འགྱུར་ལྡོག་གཏིང་ཟབ་མོ་བྱུང་ཞིང་། ཁེ་ཕན་སྣ་ཚོགས་ཀྱི་འབྲེལ་བ་སྔར་ལས་རྙོག་འཛིང་དང་བསམ་བློ་དང་རིག་གནས་སྣ་ཚོགས་ཀྱིས་ཕན་ཚུན་ལ་ཤན་ཤུགས་ཐེབས་པ་དག་གིས་རང་རྒྱལ་གྱི་མི་རིགས་འབྲེལ་བར་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན། དེ་ལྟའི་རྙོག་འཛིང་གི་གནས་བབས་འོག། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་གཡོ་འགུལ་མེད་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་ལེགས་པོ། དངོས་འབེབ་བཟང་བོ་བཅས་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དེ་སྲ་བརྟན་ངང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རིགས་སོ་སོའི་མི་དམངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་དུངས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཁག་ཐེག་གལ་ཆེན་འདོན་སྤྲོད་བྱེད་དགོས།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་ན་ངེས་པར་དུ་ནམ་ཡང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཇེ་དྲག་ཏུ་གཏོང་བར་དམིགས་པ། རྒྱལ་ཁབ་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཆོག་ཏུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་དང་གཟེངས་བསྟོད་གསར་འཛུགས་བྱ་འགུལ་རྒྱ་ཆེན་དུ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་དམ་པོར་འཛིན་དུ་བཅུག་ཏེ་རིགས་སོ་སོའི་མི་དམངས་ཀྱིས་རང་གི་མིག་ཟུང་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱས་ནས། འདྲ་མཉམ་དང་མཐུན་སྒྲིལ། གཞོགས་འདེགས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་བཟང་བོའི་སྒོ་ནས་སྲ་བརྟན་ངང་འཕེལ་རྒྱས་སུ་གཏོང་དགོས།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་ན་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་ཐ་དག་ངེས་པར་དུ་སྔོན་འགོག་བཟང་བོ་དང་ཐག་གཅོད་ཡང་དག་བྱས་ཏེ། རྒྱ་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་དང་བློ་གཏད་ཆེས་ཆེར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱི་ངན་ཤུགས་དང་གཏོར་བརླག་བྱེད་པ། ཁ་བྲལ་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་ཆམ་ཕམ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་རྣམ་པ་བཟང་བོར་ལྷག་བསམ་རྣམ་དག་སྒོས་སྲུང་སྐྱོང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱོ་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ན། ངེས་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་དང་ཐད་ཀར་དུ་འབྲེལ་བ་ཡོད་པ། རིགས་སོ་སོའི་མང་ཚོགས་ལ་ཆེས་ཕན་ཐོག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བཟང་བོ་བྱེད་པ། ས་ཁུལ་བར་དང་ཞིང་གྲོང་བར། མི་རིགས་བར་བཅས་ཀྱི་འཕེལ་རྒྱས་སྙོམ་སྒྲིག་བྱས་ནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རིགས་སོ་སོའི་མང་ཚོགས་ལ་ལོངས་སུ་སྤྱོད་དུ་བཅུག་ཏེ། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡིན་པ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་ན་ད་གཟོད་རྒྱལ་སྲིད་དར་ཞིང་མི་རྣམས་བདེ་ལ་འཁོད་ཅིང་། ལས་དོན་ཐམས་ཅད་དར་རྒྱས་གོང་འཕེལ་དུ་འགྲོ་ངེས། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་དམངས་ཀྱི་མཐུན་སྒྲིལ། རྒྱལ་ནང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཡིན། བློ་བརྟན་འགྱུར་མེད་སྒོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོང་བཅས་བྱས་ན་ང་ཚོ་ཅིས་ཀྱང་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྒྱལ་ཏེ་རྒྱལ་ཁའི་ངང་མདུན་ནས་མདུན་དུ་བསྐྱོད་ཐུབ།