མི་ རིགས་ཀྱི་བཅའ་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ།
« མི་དམངས་ཉིན་རེའི་ཚགས་པར་» གྱི་དཔྱད་གཏམ་པའི་རྩོམ་ཡིག་“ མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།” ཞེས་པའི་ཁག་བཞི་བ།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་རིག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་ན། རྒྱུན་ཆད་མེད་པར་མི་རིགས་བཅའ་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་ལྟར་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་འགན་ལེན་གང་ལེགས་བྱས་ནས། དངོས་གནས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་ཡོད་པ་བྱེད་དགོས། །
འཐུས་ཚང་ཅན་གྱི་བཅའ་ཁྲིམས་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་རྒྱབ་རྟེན་བཀན་མོ་ཞིག་ཡིན་ལ། རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དང་བསྟུན་ནས། རང་རྒྱལ་གྱི་མི་རིགས་བཅའ་ཁྲིམས་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། མིག་སྔར། རྩ་ཁྲིམས་རྨང་གཞི་ཡིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཙོ་བོ་ཡིན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འགན་ནུས་སྡེ་ཁག་གི་སྲིད་འཛིན་ཁྲིམས་སྲོལ། རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་། ཁེར་སྤྱོད་སྲོལ་ཡིག དེ་མིན་ད་དུང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་སོགས་ཀྱིས་གྲུབ་པའི་མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཐོག་མའི་མ་ལག་ཅིག་བཙུགས་ཡོད་པས། དེས་ནུས་ཤུགས་དང་ལྡན་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པར་འགན་ལེན་བྱས། །
ད་ལོ་ནི« མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ངོ25 ལོན་པའི་ལོ་ཡིན། ལོ་ངོ25 རིང་ལ་ལག་བསྟར་བྱས་པ་དེས།« མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» དེ་རྩ་ཁྲིམས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་རྩ་དོན་གཏན་ཁེལ་དང་བསམ་བློའི་གཤིས་ལུགས་ཀྱི་བྱེ་བྲག་ཅན་དུ་བརྩིས་ནས། གཅིག་བསྡུས་གྱིས་ཏང་གི་མི་རིགས་སྲིད་ཇུས་མཚོན་པར་བྱས་པ་དང་། རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པར་བྱས་པས། དེ་ནི་རང་རྒྱལ་མི་རིགས་བྱ་བ་བཅའ་ཁྲིམས་ཅན་དང་། ཚད་ལྡན་ཅན་གྱི་བགྲོད་ལམ་དུ་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་བདེན་དཔང་གང་ལེགས་བྱས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་ན། ངེས་པར་དུ་ཁྱོན་ཡོངས་ནས« མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» ལག་ལེན་མཐིལ་ཕྱིན་བྱེད་དགོས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་རིག་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་རེ་འདུན་དང་། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་དགོས་ངེས་ཀྱི་རེ་འདུན་ཡིན་ལ། ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པའི་དགོས་ངེས་ཀྱི་རེ་འདུན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་ནས་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བར་ཡར་སྐུལ་བྱེད་པའི་དགོས་ངེས་ཀྱི་རེ་འདུན་ཡང་ཡིན། །
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་ནི། རྩ་ཁྲིམས་ཀྱིས་གནང་བར་མ་ཟད་ཀྲུང་དབྱང་གི་མགོ་ཁྲིད་དང་ལྟ་སྐུལ་གྱིས་ས་ཁོངས་ངེས་ཅན་ཞིག་གི་ནང་ཁུལ་གྱི་ལས་དོན་དོ་དམ་བྱེད་པའི་ས་གནས་རང་བཞིན་གྱི་དབང་ཆ་ཞིག་ཡིན་ལ། ཁ་ཚང་ཅན་གྱི་རྒྱལ་ཁབ་དབང་ཆའི་རྒྱུད་རིམ་ཁྲོད་ཀྱི་གྲུབ་ཆ་ཁག་ཅིག་ཀྱང་ཡིན། རང་སྐྱོང་ལས་ཁུངས་འཛུགས་པ་དང་། རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ནི། མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ཆེས་གལ་ཆེ་ཞིང་ཆེས་རང་གཤིས་ཅན་གྱི་ཁྱད་རྟགས་ཤིག་ཡིན་ལ། མི་རིགས་རང་སྐྱོང་ས་གནས་དེ་སྤྱིར་བཏང་གི་སྲིད་འཛིན་ས་ཁུལ་གྱི་ལས་ཁུངས་དང་ཁྱད་པར་འབྱེད་པའི་མངོན་གསལ་ཅན་གྱི་མཚོན་རྟགས་ཤིག་ཀྱང་ཡིན། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆར་འགན་ལེན་བྱེད་རྒྱུ་ནི།« མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» ལག་ལེན་མཐིལ་ཕྱིན་བྱེད་པའི་སྲོག་ཤིང་ལྟ་བུ་ཡིན། ཕྱོགས་གཅིག་ནས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་དངོས་གནས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ། འབྲེལ་ཡོད་ཀྱི་གྲོས་ཆོད་དང་ཆོད་ཡིག བཀའ་རྒྱ་དང་མཛུབ་སྟོན་བཟོ་སྐབས། མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་བསྟུན་དགོས་པར་མ་ཟད། མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དང་དགོས་མཁོར་བསམ་བློ་བཏང་ནས། ཁྲིམས་ལྟར་མི་རིགས་རང་སྐྱོང་ས་གནས་ལ་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས། ཕྱོགས་གཞན་ཞིག་ནས། མི་རིགས་རང་སྐྱོང་ས་གནས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་དག་ས་གནས་རང་དུ་ལག་བསྟར་བྱེད་དགོས་པར་མ་ཟད། གནས་ཚུལ་དངོས་ལ་དམིགས་ནས། དངོས་གནས་དྲང་གནས་སྒོས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་གནང་བའི་རང་སྐྱོང་དབང་ཆ་ཡང་ལག་བསྟར་བཟང་པོ་བྱས་ཏེ། རྒྱུན་ཆད་མེད་པར་མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་འཕགས་རང་བཞིན་དང་ཚེ་སྲོག་གི་སྟོབས་ཤུགས་དེ་མངོན་ཅི་ཐུབ་བྱེད་དགོས། །
ལག་ལེན་ལ་དུས་ནམ་ཡང་ཐུག་མཐའ་མེད་པ་བཞིན་དུ་འཕེལ་རྒྱས་ལའང་དུས་ནམ་ཡང་ཐུག་མཐའ་མེད། ང་ཚོས་ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་དེ་འབྲེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ཏུ་བསྟར་བ་དེ། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་ལྟ་ཞིབ་ཇེ་དྲག་ཏུ་གཏོང་བ། མི་རིགས་ལས་དོན་དོ་དམ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་སྐུལ་སྤེལ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་དེ་བས་ཀྱང་སྣེ་ཁྲིད་བྱེད་པ་བཟང་ཞིང་དཔེ་སྟོན་བྱེད་པ་ཡག་དགོས། དེ་ཡང་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཆབ་སྲིད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་འཚམས་དགོས་ཤིང་། གྲངས་ཉུང་མི་རིགས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དང་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བྱེད་པར་ཤུགས་བསྣན་ནས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལས་བྱེད་པ་དང་ནང་སྒོས་སུ་ན་གཞོན་ལས་བྱེད་པ་སྔར་ལས་མང་པོ་ཞིག་རིམ་པ་སོ་སོའི་མགོ་ཁྲིད་ཀྱི་ལས་རྐང་ཐོག་བསྐོ་འཐེན་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་རྒྱུན་ཆད་མེད་པར་དེའི་ཐད་ཀྱི་སྟོབས་ཤུགས་གསར་བ་བསྐྱེད་བསྲིང་དང་ཁ་གསབ་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་དངོས་བབ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་ཕུད་ནས། རིགས་སོ་སོའི་མི་དམངས་ཚོས་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་ཁག་ཐེག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམས་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། །
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་རྒྱུ་ནི། ཡུན་རིང་གི་རྒྱུད་རིམ་ཞིག་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་བབ་བསྟུན་མདུན་སྐྱོད་ལ་ཕྱོགས་སྡོམ་བྱེད་པའི་རྒྱུད་རིམ་ཞིག་ཡིན། རྒྱུན་ཆད་མེད་པར་མི་རིགས་བྱ་བའི་སྒྲིག་སྲོལ་ནང་རྐྱེན་གསར་བཏོད་བྱེད་པར་ཤུགས་སྣོན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་བྱེ་བྲག་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས« མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» ཀྱི་ཆ་སྒྲིག་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ན། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཅིས་ཀྱང་སྔར་ལས་འགོག་ཐབས་མེད་པའི་ཚེ་སྲོག་གི་སྟོབས་ཤུགས་ཤིག་རྒྱས་ངེས། །